མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།
སྤེལ་བའི་དུས་ཚོད། : 2019-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅོ་བརྒྱད་པའི་རྩ་འཛུགས་གྲ་སྒྲིག་ལག་བསྟར་ཇུས་གཞི་དང་ཚོང་རའི་གཙོ་གཞི་འཕེལ་རྒྱས་སྐུལ་འདེད་ལོའི་བྱ་འགུལ་སྤེལ་བ། གྲངས་ཀའི་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་གཏོང་བ། གྲོང་ཁྱེར་གྱི་དཀའ་ཁག་ཅན་གྱི་ལས་བཟོ་བའི་དཀའ་ཁག་ཐག་གཅོད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།

  ཚོགས་ཐོག་ནས་བསྟན་དོན། མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ་མཚོ་སྔོན་དྲིལ་སྒྲོག་དང་ངོ་སྤྲོད། འགྲེམ་སྟོན་བྱེད་པའི་མིང་བྱང་དུ་གྱུར་ཡོད་པས། འགྲན་སྡུར་བརྒྱུད་དེ་མཚོ་སྔོན་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་བཞིན་པ་ཕྱིར་ངོམ་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ལག་ལེན་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་དགོས། ལག་བཟོ་བའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཆེད་ལས་ཅན་དང་ཚོང་ར་ཅན། རྒྱལ་སྤྱི་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྒྱུད་གཅིག་ལམ་གཅིག་ཁྲོད་འདྲེས་པར་བྱས་ཏེ། ཧུར་ཐག་གིས་ཁྱད་ཆོས་ལྡན་པ་དང་གསོན་ཤུགས་ལྡན་པ། ཆུ་ཚད་ཡོད་པའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་ཞིག་བསྒྲུབ་དགོས། འགྲན་སྡུར་སྐབས་ཀྱི་བདེ་འཇགས་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། ལུས་རྩལ་གྱི་སྙིང་སྟོབས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། འགྲན་སྡུར་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། འགྲན་སྡུར་བདེ་བླག་ངང་བསྒྲུབ་པར་ཁག་ཐེག་བྱེད་དགོས་ཟེར།

  ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཚོང་རའི་གཙོ་གཞི་འཕེལ་རྒྱས་སྐུལ་འདེད་ལོའི་བྱ་འགུལ་སྤེལ་བ་དེ། མཚོ་སྔོན་ཞིང་ཆེན་གྱི་ཚོང་རའི་གཙོ་གཞི་སྔར་ལས་སྐྱེད་སྲིང་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། ཚོང་རའི་གཙོ་གཞིའི་གསོན་ཤུགས་ཆེར་སྐྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ཆོས་ཉིད་ལ་བརྩི་འཇོག་དང་གསོན་ཤུགས་ཆེར་སྐྱེད་པ་དང་། ཕྱོགས་བསྡུས་བྱེད་ཐབས་སྤྱོད་པ། གནད་ལ་འཁེལ་བའི་སྒོ་ནས་ཤུགས་འདོན་པ། མུ་མཐུད་དུ་དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཀུན་གྱིས་གསར་གཏོད་བྱེད་པ་དང་དམངས་ཀྱིས་བྱ་གཞག་བསྐྲུན་པར་རྒྱབ་སྐྱོར་བྱེད་པ། ལམ་ལུགས་རང་བཞིན་གྱི་མ་རྩ་ཇེ་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་བ། ཧུར་ཐག་གིས་སྤུས་ལེགས་ཞབས་ཞུ་འདོན་སྤྲོད་བྱེད་པ། ཁེ་ལས་པ་དང་ལས་སྐྲུན་མཁན་གྱིས་ཚོང་རའི་ཁྲོད་རང་ཉིད་ཀྱི་རྩལ་ནུས་ངོམས་པ་དང་། ཕུགས་འདུན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

  ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གྲོང་ཁྱེར་གྱི་དཀའ་ཁག་ཅན་གྱི་ལས་བཟོ་བའི་དབུལ་ཐར་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྱོར་འབྲིང་ལམ་དུ་གཅིག་ཀྱང་མེད་མི་རུང་བའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། སྲིད་ཇུས་ཁོང་དུ་ཆུད་པར་བྱེད་པ་དང་། ལམ་ལུགས་འགན་སྲུང་གི་གཙོ་ཐིག་ལ་དམིགས་ནས། བཟོ་ཚོགས་དང་སྲིད་གཞུང་གི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་དང་། བཟོ་ཚོགས་དང་སྤྱི་ཚོགས་ཐོན་ཁུངས་ཀྱི་འབྲེལ་འདྲིས་སྦྲེལ་མཐུད་རྐྱེན་སྲོལ་འདོན་སྤེལ་བཟང་བོ་བྱེད་པ། གནད་ཕིགས་དབྱེ་འབྱེད་དང་གནད་ཕིགས་ཐབས་བཀོལ། གནད་ཕིགས་དཔྱད་འཇོག་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ཆེ་བའི་ལས་བཟོ་བ་དུས་བཅད་ལྟར་མཉམ་དུ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སུ་ཞུགས་པར་ཁག་ཐེག་བྱེད་དགོས་ཟེར།

  ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།