ཞི་ཅིན་ཕིང་ནས་སྐབས་༢༣པའི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་གནང་བ་མ་ཟད་ཤིས་ཚིག་གསུངས་གནང་བ།
སྤེལ་བའི་དུས་ཚོད། : 2019-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༧ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་༢༣པའི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་གསུངས་གནང་ཡོད།

  ཞི་ཅིན་ཕིང་གིས། ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྤྱི་ལོ་༡༩༩༧ལོར་གཉེར་ཚུན། གཞི་ཁྱོན་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཉིན་རེ་བཞིན་ཤུགས་ཆེར་སོང་ནས་ཕྱོགས་ཁག་གི་བསམ་བློ་སྤེལ་རེས་དང་། བློ་རིག་གཅིག་སྡུད། མཉམ་ལས་འཚོལ་ཞིབ་བཅས་ཀྱི་སྟེགས་བུ་གལ་ཆེན་ལ་གྱུར་ཡོད། སྐབས་འདིའི་གླེང་སྟེགས་ཀྱིས་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་གཏོད་པ་ཞེས་པས་བརྗོད་དོན་གཙོ་བོ་བྱས་པ་དང་། མིག་སྔའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུན་མོང་ཐོག་དོ་ཁུར་བྱ་ཡུལ་དང་འཚམ་པ་བྱས་ཡོད་པས་དེར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ད་ཆའི་འཛམ་གླིང་ལ་ལོ་བརྒྱ་མཐོང་དཀོན་པའི་འགྱུར་བ་འགྲོ་བཞིན་ཡོད། འགྱུར་ལྡོག་དེ་དག་གི་མདུན་དུ་མཉམ་ཇུས་མཉམ་འདོན་དང་། མཉམ་ལས་མཉམ་རྒྱལ་ནི་ཕྱོགས་ཁག་གི་ཡང་དག་པའི་གདམ་ག་ཡིན། འཛམ་གླིང་ལ་བལྟས་ཚེ། རྒྱུན་མཐུད་གོང་འཕེལ་ནི་ཕྱོགས་ཁག་གི་ཁེ་ཕན་གྱི་མཐུན་ས་ཆེ་ཤོས་དང་མཉམ་ལས་ཀྱི་འགོ་འཛུགས་ས་ཡག་ཤོས་དེ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་གྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་གཅིག་གྱུར་འཆར་འགོད་བྱས་པ་མ་ཟད། དེང་གི་མིའི་རིགས་དང་ཕ་ཚ་བུ་རྒྱུད་ཀྱི་གོང་འཕེལ་དགོས་མཁོར་ལྟ་རྟོགས་བྱས་ཡོད་པ་དང་། དཔལ་འབྱོར་འཕར་སྣོན་དང་། སྤྱི་ཚོགས་གོང་འཕེལ། ཁོར་ཡུག་སྲུང་སྐྱོང་བཅས་ལས་འགན་ཆེན་པོ་གསུམ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་བཏོན་ཡོད་པས་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་ཆེད་བསམ་འདུན་འཆར་འགོད་བྱས་ཡོད་ཅེས་གསུངས་པ་དང་།

  ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡིན། འཛམ་གླིང་ཐོག་གི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་འགན་འཁུར་མཁན་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ངོས་ནས། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་རྒྱུན་མཐུད་གོང་འཕེལ་གྱི་ཁས་ལེན་ལག་བསྟར་མཐའ་གཅིག་ཏུ་བྱས་པར་ཀུན་གྱི་ཁས་ལེན་ཐོབ་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་རྒྱུན་མཐུད་གོང་འཕེལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་གྱི་དམིགས་འབེན་དང་། རྩ་དོན། ལག་བསྟར་གྱི་ཐབས་ལམ་བཅས་ཚད་མཐོའི་གཅིག་མཐུན་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལན་ཆ་དང་རྒྱབ་སྐྱོར་ཐོབ་ཡོད།

  ད་ལོའི་སྤྱི་ཟླ་བཞི་པར། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་ལེགས་སྒྲུབ་ལྡན་པའི་སྒོ་ནས་གཉེར་བ་དང་། ཕྱོགས་ཁག་གིས་མགྲིན་དབྱངས་གཅིག་གྱུར་ཐོག་སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་གཉིས་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པ་དང་། དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་བཅས་བར་གྱི་འབྲེལ་བར་གཅིག་གྱུར་ངང་མཐུན་སྦྱོར་ཡག་པོ་བྱེད་པ། སྦགས་མེད་དང་། ཐན་ཉུང་། རྒྱུན་མཐུད་གོང་འཕེལ་བཅས་ཀྱི་ལམ་བུའི་སྟེང་བསྐྱོད་རྒྱུ་བཅས་ལ་མོས་མཐུན་བྱས་ཡོད་ཅེས་གསུངས་པ་དང་།

  ཞི་ཅིན་ཕིང་གིས། ཨུ་རུ་སུ་ནི་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་དང་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པ་ཆེ་ཤོས་ཡིན་ལ། ཁྱབ་ཁོངས་ཁག་གི་མཉམ་ལས་ནང་སྔོན་ལ་མཉམ་ལས་བྱེད་པའི་རོགས་པ་གལ་ཆེན་ཡིན། ཕྱོགས་གཉིས་པོས་རྒྱུན་མཐུད་གོང་འཕེལ་གྱི་འདུ་ཤེས་རྒྱུན་འཁྱོངས་དང་། རང་བྱུང་རླངས་སོགས་དྭངས་གཙང་ནུས་ཁུངས་ཀྱི་མཉམ་ལས་ཧུར་ཐག་བྱེད་པ། ཚན་རྩལ་གསར་སྐྲུན་དང་། གྲངས་གཞིའི་དཔལ་འབྱོར། དྲ་ཐོག་ཚོང་དོན་བཅས་མཉམ་ལས་ཀྱི་འཕར་གནས་གསར་པར་བརྩིས་ཏེ། རྒྱལ་ཁོངས་གྲོལ་བའི་ཐོན་ཁུངས་བེད་སྤྱོད་དང་། སྲུང་སྐྱོབ། རྒྱལ་ཁོངས་གྲོལ་བའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བཅས་ཀྱི་ཐད་མཉམ་ལས་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་དང་།

  ཞི་ཅིན་ཕིང་གིས། ང་རང་དང་ཙུང་ཐུང་ཕུ་ཅིང་རྣམ་གཉིས་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་བྱ་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད། དུས་མཚུངས་སུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཙུང་ཐུང་ཕུ་ཅིང་གིས་བཏོན་པའི་ཡོ་རོབ་དང་ཨེ་ཤ་ཡའི་རོགས་པའི་འབྲེལ་བ་ཆེན་པོའི་འདུ་ཤེས་གཉིས་གཅིག་མཐུན་ཡོང་བ་བྱེད་དགོས། དེས་ས་ཁོངས་དཔལ་འབྱོར་མཉམ་འདྲེས་ཡོང་བར་སྐུལ་འདེད་དང་ཐུན་མོང་ཐོག་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བར་ཕན་ཐོགས་ཡོང་བའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  ཞི་ཅིན་ཕིང་གིས། རྒྱུན་མཐུད་གོང་འཕེལ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་ཚན་རྩལ་ཡར་ཐོན་གྱི་ལྡོག་མེད་ཐོན་དངོས་ཤིག་ཡིན་པ་དང་། འཛམ་གླིང་ཐོག་རྒྱལ་ཁབ་མང་ཆེ་བའི་ཐུན་མོང་གི་རེ་འདོད་དང་མཐུན་ཡོད། ཀྲུང་གོ་བས་རང་གི་བློ་རྩ་བརྟན་འགྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་བརྗོད་ཀྱི་ཡོད། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་འདོད་དེ་སུས་ཀྱང་བཀག་འགོག་བྱ་ཐབས་བྲལ་ཡོད། ཀྲུང་གོའི་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ། ཁས་ལེན་ཏན་ཏིག་བྱས་པ་དེ་ཉིད་ཞིབ་ཕྲའི་བྱ་སྤྱོད་ལ་སྒྱུར་ནས། ལག་གདང་སྦྲེལ་ཏེ་རྒྱུན་མཐུད་གོང་འཕེལ་གྱི་ལམ་བུ་གསར་པ་ཞིག་མུ་མཐུད་གཏོད་འདོད་ཡོད་ཅེས་བསྟན་གནང་ཡོད་པ་སྟེ།

  གཅིག་ནས། ང་ཚོས་མཉམ་གྲོས་དང་། མཉམ་འཛུགས། མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱ་དགོས་པ་དང་། སྒོ་འབྱེད་སྣ་མང་གི་འཛམ་གླིང་དཔལ་འབྱོར་མཉམ་དུ་གཏོད་དགོས། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་འབྱེད་མུ་མཐུད་རྒྱ་བསྐྱེད་གཏོང་བ་དང་། ཁྲོམ་ཞུགས་དབང་ཆ་ལྷུག་ཏུ་གཏོང་བ། འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་ལ་ང་ཚོས་དར་ཆ་གསལ་སྟོན་ཐོག་ནས་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་བྱེད་པ། ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོམ་རིམ་དོན་འཁྱོལ་བྱ་རྒྱུར་མཐུན་སྦྱོར་ཐོག་ལས་ཆོད་མཐོ་རུ་གཏོང་བ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་རོགས་སྐྱོར་ཐེབས་རྩར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐེབས་རྩ་སོགས་ཀྱི་ནུས་པ་གང་ལེགས་འདོན་སྤེལ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་ཁག་དང་ལྷན་དུ་5Gལག་རྩལ་ཚུད་པའི་ཚན་ཞིབ་གྲུབ་འབྲས་གསར་ཤོས་མཉམ་སྤྱོད་བྱས་ཏེ། སྲོག་ཤིང་གི་འགྲན་རྩོད་ནུས་པ་སྐྱེད་སྲིང་བྱེད་པ་དང་། དཔལ་འབྱོར་འཕར་སྣོན་འགྲོ་བའི་མ་དཔེར་འགྱུར་བ་བྱ་འདོད་ཡོད་པ་དང་།

  གཉིས་ནས། ང་ཚོས་མི་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀུན་ཕན་ཁོག་ཡངས་ཀྱི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཧུར་བརྩོན་ཆེན་པོས་བསྐྲུན་དགོས། ད་ལོ། ཀྲུང་གོས་གནད་འཕིགས་དབུལ་སྒྲོལ་ལ་མུ་མཐུད་ནས་ཤུགས་སྣོན་རྒྱག་པ་དང་། སྤྱི་ལོ་༢༠༢༠ལོར་སླེབས་སྐབས་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཚང་མ་དབུལ་སྒྲོལ་ཐུབ་པའི་བརྩོན་ལེན་བྱེད་པ། མི་བྱེ་བ་གཅིག་དང་ས་ཡ་གཅིག་ཡན་གསར་དུ་ལས་ཞུགས་ཐུབ་པའི་བརྩོན་ལེན་བྱེད་པ། ང་ཚོས་རྒྱལ་ཁག་དབར་དབུལ་ཕོངས་ཉུང་གཏོང་དང་། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ཞིབ་འཇུག་བྱ་གཞིའི་ཐད་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་འདོད་ཡོད།

  གསུམ་ནས། ང་ཚོས་གནོད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས། ང་ཚོས་རི་བོ་སྔོ་ལ་ཆུ་མོ་དྭངས་གཙང་ཡོང་བ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། གནམ་སྔོན་པོ་དང་། ཆུ་མོ་དྭངས་གཙང་། ས་གཞི་གཙང་བ་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་ཐོབ་ཆེད་མཐའ་གཅིག་ཏུ་འབད་བརྩོན་བྱེད་དགོས། ང་ཚོས་ད་དུང་ཕྱི་ཕྱོགས་དབར་མཉམ་ལས་བྱེད་པའི་ནང་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་ལ་སྔར་བས་དང་དོད་བྱེད་པ། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་༼ཕ་རི་སིའི་གྲོས་ཆོད་༽སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་དགོས་པ་བཅས་ཡིན་པ་རེད།

  ཞི་ཅིན་ཕིང་གིས། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་ད་ལྟའི་དུས་རབས་འདིའི་བརྗོད་དོན་གཙོ་བོ་ཡིན། མིའི་རིགས་ཀྱི་ལས་དབང་དུས་ད་ལྟ་ལྟ་བུའི་འབྲེལ་མཐུད་ཟབ་མོ་འདི་འདྲ་བྱུང་མྱོང་མེད་ལ། རྒྱལ་ཁབ་ཁག་གི་ཁེ་ཕན་དེ་ཡང་དུས་ད་ལྟ་ལྟ་བུའི་མཉམ་འདྲེས་གཏིང་ཟབ་བྱ་མྱོང་མེད། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ནི་ལྡོག་ཐབས་བྲལ་བ་ཞིག་རེད་ཅེས་ནན་གསུངས་གནང་བ་དང་། ཞི་ཅིན་ཕིང་གིས། གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པ་དང་། བཙན་བདག་རིང་ལུགས། བཙན་དབང་ཆབ་སྲིད་བཅས་ཐོན་པ་དང་བསྟུན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞིབ་འཇུག་བྱ་གཞི་གསར་པ་དང་འགྲན་རྩོད་གསར་པ་ཡང་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད། མིའི་རིགས་སླར་ཡང་ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་སླེབས་ཡོད། རྒྱུན་མཐུད་འཕེལ་རྒྱས་ནི་མིག་སྔའི་གོ་ལ་ཧྲིལ་པོའི་གནད་དོན་ཐག་གཅོད་བྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུ་ཡིན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་དམིགས་འབེན་དང་འདྲ་པོ་ཡོད་པ་དང་། འདུ་ཤེས་ཕན་ཚུན་འབྲེལ་མཐུད་ཐུབ་པ་ཞིག་ཡིན། ཚང་མས་མིའི་རིགས་ཧྲིལ་པོར་ཕན་པ་བསྐྲུན་པ་དང་འཛམ་གླིང་ཧྲིལ་པོར་ཕན་པ་ཡོད་པ་ཞིག་ཡིན། ཀྲུང་གོས་ཕྱོགས་ཁག་དང་ལྷན་དུ་འབད་བརྩོན་བྱས་ཏེ། རྒྱུན་མཐུད་གོང་འཕེལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འགན་འཁྲི་མངོན་པ། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། སའི་གོ་ལ་འདིའི་ཡུན་རིང་བདེ་འཁོད་དང་བརྟན་བརླིང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། སྔར་བས་དར་རྒྱས་མངའ་ཐང་རྒྱས་པ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཚེ་དགའ།

  ཞུ་དག མགོན་པོ་གཡུལ་རྒྱལ།

  ཡིག་སྒྱུར། བསྟན་འཛིན་འཇམ་དཔལ། མིག་དམར་རྒྱ་མཚོ།