ཀྲུང་གོའི་སྨྱན་སྦྱོར་གཙོ་བོས་ཧྲེང་པི་ཏ་པའོ་རུ་སྣ་མང་བྱེད་སྒོ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་6པའི་ཚེས་7ཉིན། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཨུ་རུ་སུའི་འགྲེམ་ཚོགས་ཐེབས་རྩ་ལྷན་ཚོགས་ཀྱིས་ཧྲེང་པི་ཏེ་པའོ་རུ་འཐབ་ཇུས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་པ་དང་། ཀྲུང་ཨུའི་མཛའ་གྲོགས་གྲོང་ཁྱེར་ཞེས་པའི་མུ་འབྲེལ་བརྙན་མཐོང་ཐུང་ངུ་ཡོངས་བསྒྲགས་ཚོགས་འདུ་ཡང་དེ་དང་དུས་མཚུངས་སུ་གཉེར་ཡོད། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཞའོ་ཧུའེ་དང་། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་ཧྲེན་ཧའེ་ཞུང་། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲངས་གཞིའི་གོང་འཕེལ་དང་། འཕྲིན་གཏོང་། ཀུན་ཁྱབ་སྨྱན་སྦྱོར་པུའི་པུའུ་ཀྲང་གཞོན་པ་ཨའོ་ལིན། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་ལས་རིགས་ཀྱི་འཐུས་མི་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།

  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཨུ་རུ་སུའི་འགྲེམ་ཚོགས་ཐེབས་རྩ་ལྷན་ཚོགས་ཀྱིས་མིང་རྟགས་བཀོད་པའི་གྲོས་ཆོད་ལ་གཞིགས་ན། ཕྱོགས་གཉིས་པོས་ཧྲེང་པི་ཏེ་པའོ་དཔལ་འབྱོར་གླེང་སྟེགས་དང་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག འདྲ་མཉམ་དང་གཉིས་ཕན། ཕན་ཚུན་ཡོངས་བསྒྲགས་བཅས་ཀྱི་རྩ་དོན་ལྟར། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་ལས་རིགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཕྱོགས་གཉིས་པོས་གསར་འགྱུར་ཆ་འཕྲིན་སྤེལ་རེས་ལ་ཤུགས་སྣོན་དང་། རང་ངོས་ཀྱིས་གཉེར་བའི་འབྲེལ་ཡོད་བྱེད་སྒོ་འོས་སྦྱོར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མང་ཚོགས་ལ་དངོས་ཡོད་དང་དོན་དངོས་ཀྱི་སྨྱན་སྦྱོར་ཆ་འཕྲིན་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

  ཧྲེང་ཧའེ་ཞུང་གིས་ཤིས་ཚིག་གསུངས་སྐབས། དུས་རབས་གསར་པར་ཀྲུང་ཨུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་དེ་ཆུ་ཚད་དེ་བས་མཐོ་བའི་ཐོག་གོང་འཕེལ་དེ་བས་ཆེ་བ་གཏོང་རྒྱུའི་ཐད་གོམས་སྟབས་ཆེན་པོ་ཞིག་སྤོས་པའི་རྒྱབ་ལྗོངས་ཆེན་པོའི་འོག ཕྱོགས་གཉིས་པོའི་སྨྱན་སྦྱོར་ལས་རིགས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་མཉམ་ལས་དེ་བས་མང་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

  ཉིན་དེར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ད་དུང་ཧྲེང་པི་ཏེ་པའོ་དཔལ་འབྱོར་གླེང་སྟེགས་ཐོག་ཀྲུང་ཨུ་མཛའ་གྲོགས་གྲོང་ཁྱེར་ཞེས་པའི་མུ་འབྲེལ་བརྙན་མཐོང་ཐུང་ངུའི་ཡོངས་བསྒྲགས་ཚོགས་འདུ་གཙོ་གཉེར་བྱས་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཚེ་དགའ།

  ཞུ་དག མགོན་པོ་གཡུལ་རྒྱལ།

  ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།