ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཟས་འདི་རིགས་བྱིས་པས་ཟོས་ན་སྲོག་ཉེན་ཡོད།

2020-07-23 15:05:00     责编:卓玛才让

ཉེ་ལམ།

དྲ་ལམ་ན་བརྙན་ཐུང་འདི་འདྲ་ཞིག་བརྒྱུད་སྐུར་བྱེད་བཞིན་འདུག་སྟེ།

བུད་མེད་ཞིག་གིས་ཉལ་ཁྲིའི་ཐོག་རྐང་གཡུག་ལག་གཡུག་བྱེད་བཞིན།

ཁ་ནས་སྤྲིན་དཀར་དང་མེ་ཏོག གདོན་འདྲེ་སོགས་

མཐོང་ཐུབ་ཅེས་ལབ་རྡོལ་སྨྲ་བཞིན་འདུག

 

དོན་དངོས་སུ།

འདི་དག་ལ་རི་སྐྱེས་ཤ་མོའི་ཟས་དུག་ཕོག་པ་ཡིན་འདུག

ད་དུང་སྐྱེས་པ་གཞན་ཞིག་གིས།

ལག་སྔོན་ཟེར་བའི་ཤ་མོ་ཞིག་ཟོས་པས།

འཁྲུལ་སྣང་སྐྱེས་ཏེ།

གནམ་གཅལ་གྱི་གློག་སྒྲོན་གྱི་དབྱིབས་འགྱུར་བ་དང་།

ལག་པའི་སྟེང་དུ་ཐེའུ་རང་ལྟ་བུ་མང་པོ་བྱུང་བ་མ་ཟད།

ནོར་ལུག་ཀྱང་མང་པོ་མཐོང་བ་རེད།

 

ཀྲུའུ་ཀོང་ཆོན་གྱིས་ཚང་མར་དྲན་སྐུལ་ཞུ་དོན།

ད་ནི་རི་སྐྱེས་ཤ་མོ་འབོར་ཆེན་ཚོང་རར་འདོན་དུས་ཡིན་པས།

ལོ་རེའི་དུས་ཚིགས་འདིར།

ཟས་དུག་ཕོག་མཁན་མང་པོ་འབྱུང་གི་ཡོད།

བྲོ་བ་ཞིམ་པ་བདེན་ཡང་།

ཤ་མོ་རེ་འགས་ཟས་དུག་སློང་སྲིད་པ་མི་བརྗེད་རོགས།

དུག་ལྡན་ཤ་མོ་ཟོས་པས།

ནང་མི་ལྔ་སྲོག་ཉེན་ལ་གྱར།

    ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་ལས་བཟོའི་སྨན་ཁང་གིས་ཁྱིམ་ཚང་ཞིག་གི་རི་སྐྱེས་ཤ་མོ་ཟོས་ནས་ཟས་དུག་ཕོག་པའི་བཟའ་མི་ལྔ་སྨན་བཅོས་བྱས། ནད་པ་ལྔ་པོའི་མཆིན་པ་དང་མཁལ་མའི་ནུས་པ་ཉམས་ནས་ཚེ་སྲོག་ཤོར་ལ་ཉེ་འདུག སྨན་ཁང་དེའི་ཁྲག་བཤེར་ལྟེ་གནས་ཀྱི་ཀྲུའུ་རེན་ཡུས་ཡན་ཧུང་གིས། འདི་དག་ལ་པར་ངོས་ཀྱི་ཤ་མོ་འདིའི་དུག་ཕོག་པ་རེད་ཟེར། ཀུའེ་ཀྲོའུ་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་རྒྱུན་མཐོང་དུག་ཤ་མོ་དཔེ་རིས་དང་བསྡུར་ཚེ། འདི་ནི་དུག་གཤིས་དྲག་པའི་ངང་དམར་ཤ་མོ་ཡིན་པའི་ངེས་ཤེས་རྙེད་ཐུབ།

     ནད་པ་ན་རེ། ཤ་མོ་འདི་དག་ཕུ་བོས་རི་ནས་བཏུས་པ་ཡིན། ཤ་མོ་དཀར་པོ་འདི་ལ་ཆ་རྒྱུས་མེད་པས་འདྲ་པར་འདི་བླངས་པ་ཡིན། ཉིན་འགའི་སྔོན་འདི་ཟོས་མོད་ལུས་པོ་མི་བདེ་བ་མ་བྱུང་བས། ཉིན་གཉིས་པར་ཁྱིམ་མི་ཚོ་དང་མཉམ་དུ་ཟོས་པ་ཡིན་ཞེས་ཟེར། མིག་སྔར་ནད་པ་ཚང་མ་ཚེ་སྲོག་གི་ཉེན་ཁ་ལས་ཐར་ཡོད།

བྱིས་པར་རི་སྐྱེས་ཤ་མོའི་ཟས་དུག་ཕོག་པའི་གནས་ཚུལ་མང་པོ་ཐོན་པ་དང་།

ནད་རྟགས་དར་མ་ལས་ཚབས་ཆེ།  

     བྱིས་པའི་ལུས་ཕུང་འཚར་སྐྱེ་འབྱུང་སྒང་ཡིན་པས། རི་སྐྱེས་ཤ་མོའི་ཟས་དུག་ཕོག་ན་མི་དར་མ་ལས་ཀྱང་ཚབས་ཆེ་བ་ཡིན། ཟླ་7པ་ནས་བཟུང་། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་བྱིས་པའི་སྨན་ཁང་དུ་ཉིན་ལྟར་རི་སྐྱེས་ཤ་མོའི་ཟས་དུག་ཕོག་པའི་བྱིས་པ་གཅིག་གཉིས་རེ་འབྱོར་གྱི་ཡོད་ལ། ཁྱོན་ནད་པ་20ལྷག་ཙམ་སྨན་བཅོས་བྱས་ཡོད།

     བྱིས་པའི་མཆིན་པ་མཁལ་མ་འཚར་ལོངས་འབྱུང་སྒང་ཡིན་པས་ཟས་དུག་ཕོག་ཚེ་མཇུག་འབྲས་མི་དར་མ་ལས་ཀྱང་ཚབས་ཆེ།

དངུལ་ཁབ་ཀྱིས་དུས་ཡོད་མེད་བརྟག་ཐབས་སོགས་ལ་ཡིད་ཆེས་རྒྱུ་མེད།

     ཡུན་ནན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཡུན་ནན་དུ་ལོ་རེར་ཤ་མོའི་ཟས་དུག་ཕོག་པའི་དོན་རྐྱེན་300ཡས་མས་ཐོན་གྱི་ཡོད། ཉེ་ལམ། ཡུན་ནན་ཞིང་ཆེན་གྱི་སྡེ་ཚན་གསུམ་གྱིས་“རི་སྐྱེས་ཤ་མོའི་ཟས་དུག་སྔོན་འགོག་ཚོད་འཛིན་གྱི་ཉེན་བརྡ་”སྤེལ་ཏེ། རི་སྐྱེས་ཤ་མོ་གང་འདོད་དུ་ཟ་མི་རུང་བ་དང་། རི་སྐྱེས་ཤ་མོ་རྗེན་ཟ་བྱས་མི་ཆོག་པ། ཤ་མོའི་རིགས་ཟ་སྐབས་ཆང་འཐུང་མི་རིགས་པ་དང་། གལ་ཏེ་དུག་ཕོག་པའི་ནད་རྟགས་བྱུང་ན། མྱུར་དུ་ཆེས་ཉེ་བའི་སྨན་བཅོས་ལས་ཁུངས་སུ་སོང་ནས་སྨན་བཅོས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

     སྔོན་ཚུད་ནས་ཉེན་བརྡ་བཏང་ཡང་། མི་ཁ་ཤས་རང་གི་ལོ་མང་པོའི་ཉམས་མྱོང་ལ་གདེང་ཚོད་སྐྱེས་ནས་རང་ཉིད་ལ་ཤ་མོའི་ཟས་དུག་ཕོག་མི་སྲིད་སྙམ་པ་དང་། ཐ་ན་ཤ་མོ་ལ་དུག་ཡོད་མེད་བརྟག་ཐབས་ཀྱང་ཕྱོགས་བསྡོམས་བྱས་ཡོད། འོན་ཀྱང་། ཁོ་ཚོའི་བརྟག་ཐབས་དེ་དག་ནི་བརྟག་ཐབས་ནུས་ལྡན་འབའ་ཞིག་མིན།

     མི་ལ་ལས་ཤ་མོའི་མདོག་གསལ་པའི་རིགས་ལ་དུག་ཡོད་པ་དང་མདོག་མི་གསལ་བའི་རིགས་ལ་དུག་མེད་པར་འདོད་ཀྱི་ཡོད་མོད། ཤ་མོའི་མདོག་གསལ་མིན་དེ་དུག་ཡོད་མེད་དང་འབྲེལ་བ་མེད་དེ། དཔེར་ན་གདུགས་དབྱིབས་ཤ་མོ་དཀར་པོ་ལྟ་བུ།

གདུགས་དབྱིབས་ཤ་མོ་དཀར་པོ།

     ཡང་མི་ལ་ལ་ཞིག་གིས་དུག་ལྡན་ཤ་མོ་དངུལ་ཆས་དང་སྒོག་པ། འབྲས་སོགས་དང་འཕྲད་ཚེ་ནག་པོར་འགྱུར་བས། དངུལ་ཁབ་ཀྱིས་དུག་ཡོད་མེད་བརྟག་ཐུབ་པར་འདོད་ཀྱི་ཡོད། དོན་དངོས་སུ་དངོས་པོ་འདི་དག་གིས་དུག་ལྡན་ཤ་མོར་འགྱུར་བ་ཅི་ཡང་གཏོང་གི་མེད། དུག་ལྡན་ཤ་མོར་འབུ་འཇོག་མི་སྲིད་ཟེར་མཁན་ཡང་འདུག་མོད། དུག་ལྡན་ཤ་མོ་མང་པོ་ཆེར་སྐྱེས་རྗེས་འབུ་འཇོག་གི་ཡོད།

     ཆེད་ལས་མི་སྣས་གསལ་འདེབས་ཞུ་དོན། ཤ་མོ་ཟ་འདོད་ན་ངེས་པར་ཚོང་ལམ་ཡག་དག་བརྒྱུད་ནས་ཉོ་དགོས། ཤ་མོ་གང་དགར་བཏུས་ནས་ཟ་རྒྱུ་མེད། གལ་ཏེ་དུག་ཕོག་ན་མྱུར་དུ་སྐྱུག་ཏུ་འཇུག་དགོས་པ་མ་ཟད། མྱུར་དུ་སྨན་པར་སྟོན་དགོས།

 

ཤ་མོ་མི་གཅིག་ཁྲི་མ་འབུམ། བདེ་འཇགས་ཀུན་གྱི་གཞི་མ་ཡིན།

དུག་ལྡན་ཤ་མོར་གཟབ་རོགས་མཛོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། བསྟན་རྒྱམ།

中央广播电视总台 央广网 版权所有

ཟས་འདི་རིགས་བྱིས་པས་ཟོས་ན་སྲོག་ཉེན་ཡོད།