ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

2021-01-12 10:00:00     责编:卓玛才让

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་མིང་བཏོན་འདེམས་བསྐོ་བྱས་པར་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་1པོའི་ཚེས་11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་གློག་འཕྲིན་བཏང་ནས། ཁོང་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་མིང་བཏོན་འདེམས་བསྐོ་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།

ཞི་ཅིན་ཕིང་གི་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བློ་མཐུན་ཅིན་ཀྲེང་ཨེན་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིར་མིང་བཏོན་འདེམས་བསྐོ་བྱས་པའི་སྐོར་ཤེས་རྟོགས་བྱུང་བས། ང་རང་གིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་དང་ང་རང་སྒེར་གྱི་མིང་ཐོག་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པས་བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གོང་འཕེལ་ཐད་བཀོད་སྒྲིག་རབ་དང་རིམ་པ་བྱ་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཆེས་མཐོའི་འགོ་ཁྲིད་པར་བདམས་པ་དེའི་ཐོག་ནས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཏང་ཡོན་ཡོངས་དང་བྱང་ཁོ་རེ་ཡའི་མི་དམངས་ཀྱིས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིར་ཡིད་ཆེས་དང་བརྩི་བཀུར། རེ་སྒུག་བཅས་བྱེད་པ་གང་ལེགས་མངོན་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་གཙོ་འཛིན་གནང་བའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་དང་བྱང་ཁོ་རེ་ཡའི་མི་དམངས་ཀྱིས་ད་ཐེངས་ཀྱི་ཚོགས་ཆེན་སྐོང་འཚོགས་བྱས་པ་གོ་སྐབས་སུ་འཛིན་ནས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་འབད་བརྩོན་ཆེན་པོས་མངོན་འགྱུར་བྱ་རྒྱུ་དང་། བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་ཐེབས་རྒྱུའི་ཡིད་ཆེས་ཡོད།

ཀྲུང་གོ་དང་བྱང་ཁོ་རེ་ཡ་ནི་རི་ཆུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་གྲོགས་ཁྱིམ་མཚེས་རྒྱབ་ཁབ་ཡིན། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་སྲ་ཞིང་བརྟན་པ། གོང་འཕེལ་ཡག་པོ་བཅས་གཏོང་རྒྱུ་ནི་ཀྲུང་གོའི་ཏང་དང་སྲིད་གཞུང་གི་འགྱུར་བ་མེད་པའི་བྱེད་ཕྱོགས་ཡིན། འཛམ་གླིང་ལ་ཟང་ཟིང་དང་འཕོ་འགྱུར་འགྲོ་བའི་དུས་བབ་འོག ང་རང་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་ཀྲུང་གོ་དང་བྱང་ཁོ་རེ་ཡའི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཐབ་ཇུས་ཀྱི་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་དང་། ཕྱོགས་གཉིས་པོའི་བར་གྲོས་འཆམ་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་རབ་དང་རིམ་པར་གཞིགས་ནས། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་ཟམ་མི་ཆད་པར་གཏོད་པ་དང་། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཕྱེད་གླིང་ཕྲན་གྱི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ལ་སྲུང་སྐྱོང་བཅས་བྱས་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་འདོད་ཡོད།

བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་ལས་བདེ་བླག་ཡོང་བ་དང་། བྱང་ཁོ་རེ་ཡའི་ཏང་དང་མི་དམངས་ལ་ཁྲིད་སྟོན་གནང་ནས་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།