ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

བློ་གཤོག་ཆེན་པོས་འགོ་འཛུགས་ས་སྔར་བས་མཐོ་བའི་ཐོག་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་དགོས་པ།

2020-10-16 15:39:00     责编:sangjzm

ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་བློ་གཤོག་ཆེན་པོས་འགོ་འཛུགས་ས་སྔར་བས་མཐོ་བའི་ཐོག་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོར་གསར་པའི་ཐོག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ་འོད་སྟོང་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་པོས་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། བསམ་བློར་བཅིངས་འགྲོལ་སྔར་ལས་ལྷག་པ་གཏོང་བ་དང་། བློ་ཁོག་ཆེན་པོས་གསར་སྐྲུན། དམ་པ་དོན་གཉེར། དཀའ་སྤྱད་ཡར་བརྩོན་བྱེད་པ། བློ་གཤོག་སྔར་བས་ཆེ་བ་དང་འགོ་འཛུགས་ས་སྔར་བས་མཐོ་བའི་སྟེང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཆུ་ཚད་སྔར་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འགྲུབ་རྒྱུར་སྐུལ་འདེད་གཏོང་བ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་སོགས་ཀྱི་ཐད་ནུས་པ་གསར་པ་དེ་བས་ཆེ་བ་བཏོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ཐོག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་འོད་སྟོང་གསར་པ་གཏོད་རྒྱུར་འབད་བརྩོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

སྟོན་གྱི་དུས་འདིར་ཀོང་ཏུང་ས་གཞི་ཆེན་མོར་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། སྤྱི་ཟླ་10པའི་ཚེས་12ཉིན་ནས་13ཉིན་བར་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཞི་དང་ཞིང་ཆེན་གྱི་འགོ་འཛིན་མ་ཤིང་རུའེ་ཡི་ཕེབས་རོགས་འོག་སྔ་རྗེས་སུ་ཁྲའོ་ཀྲོའུ་དང་། ཧྲན་ཐོའུ་སོགས་ས་ཆར་ཕེབས་ཏེ། རིག་དངོས་སྲུང་སྐྱོང་ཚན་པ་དང་། ལོ་རྒྱུས་རིག་གནས་སྲང་ལམ། ཁེ་ལས་སོགས་སུ་ཟབ་ཞུགས་གནང་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ཇུས་འགོད་བྱེད་རིང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་སོགས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བའི་ཐད་བརྟག་ཞིབ་གནང་ཡོད།
སྤྱི་ཚེས་12ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཁྲའོ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཁྲའོ་ཀྲོའུ་གནའ་གྲོང་གི་ཤར་སྒོའི་ཕྱི་རོལ་དུ་གནས་པའི་ཀོང་ཅི་ཟམ་པ་ནི་སུང་རྒྱལ་རབས་ལྷོ་མའི་དུས་སུ་བསྐྲུན་པ་དང་། ཧན་ཅང་གཙང་པོའི་ངོགས་གཉིས་འཕྲེད་དུ་བཅད་ཅིང་ཐུན་མིན་ཉམས་འགྱུར་ལྡན་པ་ཞིག་ཡོད། གདུང་ཟམ་དང་། ལྡིང་ཟམ། གཞུ་དབྱིབས་ཟམ་པ་བཅས་གཅིག་ཏུ་འདུས་པའི་ཟམ་པ་ཞིག་ཡིན་ཞིང་། དེར་འཛམ་གླིང་ཐོག་ཕྱེ་ཟུམ་ཟམ་པ་སྔ་ཤོས་ཞེས་འབོད་ཀྱི་ཡོད།

ཞི་ཅིན་ཕིང་གིས་ཟམ་པའི་ཕྱོགས་སུ་ཞབས་ཐང་ལ་ཕེབས་ཏེ་ཟམ་སྤྱིལ་དང་ལྡིང་ཟམ་ལ་གཟིགས་ཤིང་། ཧན་ཅང་ངོགས་གཉིས་པོའི་ཉམས་འགྱུར་ལ་རྒྱང་གཟིགས་གནང་བ་དང་། ཟམ་པའི་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་མཁྱེན་རྟོགས་གནང་བ། ཀོང་ཅི་ཟམ་པ་ཉམས་གསོ་སྲུང་སྐྱོང་བྱས་ཚུལ་ངོ་སྤྲོད་གནང་བ་གསན་ཡོད།

ཞི་ཅིན་ཕིང་གིས། ཀོང་ཅི་ཟམ་པ་ནི་ལོ་རྒྱུས་སྟེང་བསྐྱར་བསྐྲུན་དང་ཉམས་གསོ་ཐེངས་ཁ་ཤས་བྱས་པ་ཞིག་ཡིན་ཞིང་། དུས་སྐབས་སོ་སོའི་ངལ་རྩོལ་མི་དམངས་ཀྱི་ཐབས་མཁས་དང་བློ་རིག་གཅིག་ཏུ་འདུས་པ་དང་། ལོ་རྒྱུས་དང་། ཚན་རིག སྒྱུ་རྩལ་བཅས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། དེ་ནི་ཁྲའོ་ཀྲོའུ་ཡི་ལོ་རྒྱུས་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། རྩ་ཆེའི་ལོ་རྒྱུས་རིག་གནས་ཤུལ་བཞག་དེར་གཅེས་འཛིན་དང་སྲུང་སྐྱོང་ཡག་པོ་བྱེད་པ་ལས་ཐལ་དྲགས་པའི་ཉམས་གསོ་དང་ཚད་ལས་བརྒལ་བའི་གསར་སྤེལ་མ་བྱེད་པར་ལོ་རྒྱུས་ཀྱི་སྔར་ཡོད་རྣམ་པ་གནས་གང་ཐུབ་བྱེད་དགོས། ཧན་ཅང་གཙང་པོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་ཧན་ཅང་གཙང་པོ་ཡུན་རིང་དྭངས་གཙང་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

དེ་རྗེས། ཞི་ཅིན་ཕིང་གིས་ཞབས་ཐང་དུ་ཀོང་ཅི་ཟམ་པའི་འགྲམ་ངོགས་ཀྱི་ཀོང་ཅི་སྒོ་མོ་བརྒྱུད་དེ། རྡོ་སྐྱས་འཛེགས་ནས་ཀོང་ཅི་ཐོག་ཐང་དུ་ཕེབས་ཡོད། ཐོག་ཁང་གི་འགྲེམས་ཁང་ནང་དུ། ཞི་ཅིན་ཕིང་གིས་ཁྲའོ་ཀྲའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་གི་བརྩམས་ཆོས་ལ་གཟིགས་ཞིབ་གནང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་རྒྱུན་འཛིན་པས་ཚབ་མཚོན་བྱས་པའི་ས་ཡུལ་དངོས་ཀྱི་སྒྲིག་བཟོའི་འགྲེམས་སྟོན་ལ་གཟིགས་པ་མ་ཟད། ཁོང་ཚོ་དང་མཛའ་བརྩེའི་སྤེལ་རེས་གནང་ཞིང་། ཁྲའོ་ཀྲའུ་ཡི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་གནས་ཚུལ་མཁྱེན་རྟོགས་མཛད་ཡོད། ཞི་ཅིན་ཕིང་གིས། ཁྲའོ་ཀྲའུ་ཡི་རིག་གནས་ལ་ས་ཁོངས་ཁྱད་ཆོས་ཀྱིས་ཕྱུག་ཅིང་། ལིན་ནན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་རེད་ལ། ཀྲུང་ཧྭ་རིག་གནས་ཀྱི་ཡན་ལག་གལ་ཆེན་ཡང་རེད། ཁྲའོ་ཀྲའུ་ཡི་འཚེམ་འདྲུབ་དང་། རྫ་ཆས། བརྐོས་རིགས། ཁྲའོ་ཀྲའུ་ཁྲང་ཞི། ཇའི་རིག་གནས། ཁྲའོ་ཀྲའུ་ཡི་ཚལ་སོགས་ཀྱིས་ཚབ་མཚོན་དུ་བྱས་པའི་ཁྲའོ་ཀྲའུ་ཡི་མངོན་མིན་རིག་གནས་ཤུལ་བཞག་ནི། ཀྲུང་ཧྭ་རིག་གནས་བང་མཛོད་ནང་གི་འོད་མདངས་བཀྲ་བའི་མུ་ཏིག་རྡོག་པོ་གཅིག་རེད། མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་དེ་རྒྱུན་འཛིན་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱུན་འཛིན་པ་གཙོ་སྐྱོང་ཧུར་ཐག་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་གི་དེ་བས་ཡིད་དབང་འཕྲོག་པའི་ཁྱད་ཆོས་དར་སྤེལ་གཏོང་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས་ཐོག་བརྩེགས་གཉིས་པའི་བར་འཁྱམ་དུ་ཕེབས་ཤིང་། ཐག་རིང་ཕྱོགས་སུ་རྒྱང་གཟིགས་གནང་དུས། ཧན་ཅང་གཙང་པོའི་ཆུ་བོ་གཞུང་དུ་རྒྱུག་ཅིང་། ཁྲང་ཆའོ་ཟམ་པ་འཕྲེད་དུ་བརྟན་པོར་ཆགས་ཡོད། ཀོང་ཅི་ཐོག་ཁང་གི་ལོ་རྒྱུས་དང་གནའ་གྲོང་ཉམས་བཟོ་དང་སྲུང་སྐྱོང་བྱེད་པའི་གནས་ཚུལ་སྙན་གསེང་ཞུས་པ་གསན་རྗེས། ཞི་ཅིན་ཕིང་གིས། ཀོང་ཅི་ཟམ་པ་དང་ཀོང་ཅི་ཐོག་ཁང་ཚུད་པའི་ཁྲའོ་ཀྲའུ་ཡི་གནའ་གྲོང་ཉར་ཚགས་གང་ལེགས་ཐུབ་ཡོད། དེ་ནི་ལས་སླ་པོར་སྒྲུབ་ཐུབ་པ་ཞིག་མིན་པས། རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད། གྲོང་ཁྱེར་རྙིང་པ་སྒྱུར་བཀོད་དང་གྲོང་ཁྱེར་གསར་པ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། གྲོང་ཁྱེར་གྱི་ཁྱད་ཆོས་རྒྱུན་བསྲིངས་བྱས་ཏེ། ལོ་རྒྱུས་དང་དེང་རབས་ཟུང་དུ་འབྲེལ་བའི་ཁྱད་ཆོས་ལྡན་པར་འགྱུར་བ་བྱ་དགོས་ཞེས་གསུངས་ཡོད།

ཕའེ་ཧྥང་སྲང་ལམ་ནི་ཁྲའོ་ཀྲའུ་གྲོང་ཁྱེར་གྱི་རིག་གནས་མངོན་པའི་ས་ཁམས་མཚོན་རྟགས་ཤིག་ཡིན་ཞིང་། ཕའེ་ཧྥང་རྙིང་པ་23གྱིས་སྲང་ལམ་རྙིང་པ་51གྲུབ་ཡོད། ཞི་ཅིན་ཕིང་གིས་སྲང་ལམ་བརྒྱུད་ནས་ཞབས་ཐང་དུ་ཕེབས་ནས། ཁྲའོ་ཀྲའུ་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཉམས་བཟོ་དང་སྲུང་སྐྱོབ་བྱེད་པའི་སྲང་ལམ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཅིག་འདུས་ཁུལ་སྐྲུན་པ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་མཛད་པ་མ་ཟད། སྲང་ལམ་གྱི་ཚོང་དུད་དུ་ཕེབས་པ་དང་། ཚོང་གཉེར་བ་དང་། འཛད་སྤྱོད་པ་རྣམས་དང་གླེང་མོལ་གནང་ཞིང་། ཁོང་ཚོར་ཚོང་སླར་གསོ་དང་ཁྲོམ་ར་བསྐྱར་གསོ་བྱས་པའི་རྗེས་སུ་ཚོང་གང་འདྲ་ཡོད་མེད་དང་། ཐོན་སྐྱེད་དང་འཚོ་བར་ད་དུང་དཀའ་ངལ་གང་ཡོད་མེད་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ཡོད། ཞི་ཅིན་ཕིང་གིས། མིག་སྔའི་ཆར་རང་རྒྱལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་འཐབ་ཇུས་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཡོད། འོན་ཀྱང་ཕྱི་ནས་འཛུལ་བའི་ནད་པ་དང་། ནང་དུ་རིམས་ནད་བསྐྱར་ལོག་རྒྱག་པའི་གནོན་ཤུགས་སྔར་བཞིན་ཆེན་པོ་ཡོད་པས། མ་འོངས་པར་མུ་མཐུད་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ཁག་ལག་བསྟར་ནན་ཏན་བྱས་ཏེ། མཐའ་མཇུག་ཏུ་རིམས་ནད་ལས་རྣམ་པར་རྒྱལ་ཆེད་མཉམ་དུ་འབད་བརྩོན་བྱ་དགོས་བསྟན་གནང་ཡོད།

ཁྲོམ་གཞུང་དུ་གནས་ཚུལ་ཐོས་ནས་ཡོང་བའི་མང་ཚོགས་ཀྱིས་ཁེངས་ཤིང་། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ལས་ཁག་སོང་ཞེས་དགའ་འབོད་བྱས་པར། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་མཇལ་གནང་ཡོད། ཁོང་གིས་བྱམས་བརྩེའི་ངང་ཚང་མར། ཁྲའོ་ཀྲོའུ་ཡི་ལོ་རྒྱུས་ཡུན་རིང་བ་དང་། མི་ཆོས་རིག་གནས་སྣ་མང་ཕུན་སུམ་ཚོགས་པས། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་ཡིན་པར་བརྟེན། མི་མང་པོ་ཞིག་འདི་གར་ཡུལ་སྐོར་ལྟ་སྐོར་དུ་ཡོང་གི་ཡོད། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ལྡན་པའི་གྲོང་ཁུལ་རྙིང་པ་སྲུང་སྐྱོང་ཡག་པོ་བྱས་ནས། གྲོང་ཁྱེར་གྱི་ཁྱད་ཆོས་མངོན་པ་དང་། རིག་གནས་ཡུལ་སྐོར་གྱི་ནང་དོན་ཟབ་ཏུ་བཏང་ནས། མི་རྣམས་ལ་སློབ་གསོ་དེ་བས་མང་བ་ཐོབ་པ་བྱེད་དགོས། ལོ་ངོ་40ལྷག་ཙམ་གྱི་སྔོན་ལ་ང་ཁྲའོ་ཀྲོའུ་ལ་ཡོང་མྱོང་། དེ་རིང་ཡང་བསྐྱར་འདིར་ཡོང་སྐབས། ཁྲའོ་ཀྲོའུ་ལ་ དཔྱིད་དཔལ་བཞད་པ་ལྟར་གྱི་གོང་འཕེལ་བྱུང་བ་མཐོང་བས་ཧ་ཅང་དགའ་པོ་བྱུང་། ཁྲའོ་ཀྲོའུ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་སྐྱོད། ཁ་བཤད་ལག་བསྟར་ཐུབ་པ་བཅས་བྱས་ནས། ཁྲའོ་ཀྲོའུ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཕའེ་ཧྥང་ཁྲོམ་གཞུང་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་ཁྲའོ་ཀྲོའུ་ཡི་སན་ཧོན་མ་རྐང་ཚད་ཡོད་ཀུང་སིར་བརྟག་ཞིབ་གནང་བར་ཕེབས་ཡོད། ལོ་ངོ་50ཡི་རིང་། ཁེ་ལས་དེས་རང་བརྟེན་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོན་ལས་རིམ་སྤོར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། གློག་རྡུལ་ལྷུ་ལག་ཆེ་གྲས་དང་། སྔོན་ཐོན་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཐད་ལས་རིགས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། ཐོན་རྫས་ཁག་གཅིག་གི་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད། རིམས་ནད་ཀྱི་སྐབས་སུ། ཁེ་ལས་དེས་རིམས་ནད་སྔོན་འགོག་ཚོད་འཛིན་ནན་མོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་དུས་མཚུངས་སུ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཧུར་ཐག་བྱས་ནས། ཐོན་སྐྱེད་དང་བྲིན་འཚོང་བྱེད་ཚད་དུས་བབ་དང་ལྡོག་ནས་འཕར་སྣོན་བྱུང་ཡོད། ཀུང་སིའི་འགྲེམས་ཁང་དུ། ཞི་ཅིན་ཕིང་གིས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་དང་། ཐོན་རྫས་བཀོལ་སྤྱོད་དང་། ལག་རྩལ་བཟང་ཆ། ཁྲོམ་རའི་བྲིན་ཚོང་སོགས་ཀྱི་སྐོར་བཀའ་འདྲི་ཞིབ་ཕྲ་གནང་ཡོད།

ཁོང་གིས་ད་དུང་ཚོད་ལྟ་ཁང་དང་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་ཁེ་ལས་ཀྱིས་རང་བརྟེན་གསར་གཏོད་རྒྱུན་འཁྱོངས་དང་སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་རྣམ་པ་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱེད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། རང་བརྟེན་གསར་གཏོད་བྱ་རྒྱུ་ནི་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་ཁེ་ལས་སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ཁྱེད་ཚོས་རྒྱལ་ནང་གི་ཞན་ཆ་ཡོད་པའི་ཐོན་རྫས་ལ་དམིགས་ཏེ། རང་བརྟེན་ཞིབ་འཇུག་གསར་སྤེལ་ཐད་འབད་བརྩོན་ལྡབ་འགྱུར་བྱ་རྒྱུ་དང་། ལྟེ་བའི་ལག་རྩལ་དང་མདུན་གྲལ་གྱི་ལག་རྩལ་སྔར་ལས་མང་བ་ཁོང་དུ་ཆུད་པ་བྱ་རྒྱུ། ཁེ་ལས་ཀྱི་འགྲན་རྩོད་དང་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་རེ་བ་ཡོད། འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འཕྲད་པ་དང་། རྒྱལ་ཁབ་ཕྱི་ནང་གི་གོང་འཕེལ་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་བའི་མདུན་དུ། ང་ཚོས་ཆུ་ཚད་སྔར་ལས་མཐོ་བའི་རང་སྟོབས་རང་སྤེལ་གྱི་ལམ་བུར་བསྐྱོད་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་བསྒྱུར་བཅོས་སྒོ་འབྱེད་ལག་བསྟར་བྱེད་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་དགོས། ཚང་མས་ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་པར་གོ་བ་གཏིང་ཟབ་ལེན་ནས། གོང་འཕེལ་གྱི་གནས་བབ་གསར་པ་གཏོད་པའི་གཡུལ་ས་གཙོ་བོ་འདིའི་ཁྲོད་རང་ཉིད་ཀྱི་གནས་ཐིག་གཏན་ཁེལ་ཡང་དག་བྱེད་པ་དང་། ཁེ་ལས་མཁས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཁེ་ལས་གོང་འཕེལ་དེ་བས་ཡག་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་ཡོད་པ་རེད།

སྤྱི་ཚེས13ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཧྲན་ཐའུ་གྲོང་ཁྱེར་སྤྱི་གླིང་ཆུང་ཆུང་གསར་སྤེལ་ཚོང་སྡེའི་ཁུལ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཧྲན་ཐོའུ་ཡིས་སྤྱི་ལོ1860ལོར་ཚོང་འགྲུལ་གྲོང་ཁྱེར་བཙུགས་པ་ནས་བཟུང་། བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་ནས་བརྙས་བཅོས་ཕོག་པའི་ལོ་རྒྱུས་ལ་བདེན་དཔང་བྱས་ཡོད་ལ། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་འཕེལ་རྒྱས་བརྒྱུད་རིམ་ལ་ཡང་བདེན་དཔང་བྱས་ཡོད། ཞི་ཅིན་ཕིང་ཧྲན་ཐོའུ་ཚོང་འགྲུལ་གྲོང་ཁྱེར་རིག་གནས་བཤམས་སྟོན་ཁང་དུ་ཕེབས་ནས། ཧྲན་ཐུའོ་ཡི་ཚོང་འགྲུལ་གྲོང་ཁྱེར་བཙུགས་པའི་ལོ་རྒྱུས་དང་དཔལ་འབྱོར་དམིགས་བསལ་ཁུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐད་མཁྱེན་རྟོགས་གནང་བ་དང་། ཧྲན་ཐོའུ་གྲོང་ཁྱེར་གྱི་གོམ་སྟབས་རྗེས་མའི་འཕེལ་རྒྱས་འཆར་འགོད་གྱི་གནས་ཚུལ་སྙན་སེང་ཞུས་པར་གསན་པ་རེད། ཞི་ཅིན་ཕིང་གིས། ཧྲན་ཐོའུ་དཔལ་འབྱོར་དམིགས་བསལ་ཁུལ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་བཙུགས་སྔ་ཤོས་ཀྱི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་གྲས་ཤིག་རེད། དུས་རབས་གསར་པའི་བསྒྱུར་བཅོས་སྒོ་དབྱེའི་གོ་དོན་དང་། ཆ་རྐྱེན། བླང་བྱ་བཅས་སྔོན་ཆད་དང་བསྡུར་ན་ཁྱད་པར་ཧ་ཅང་ཆེན་པོ་ཡོད། ཧྲན་ཐུའོ་ཡིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཇུས་འགོད་ནན་ཏན་བྱས་ནས། གནད་དོན་དངོས་སུ་ཐག་གཅོད་ཐུབ་པའི་བསམ་ཕྱོགས་དང་བྱེད་ཐབས་འདོན་ཐུབ་པ་བྱེད་དགོས། ཐབས་ལམ་ཡང་དག་པ་ཞིག་རྙེད་ཚེ། གྲུབ་འབྲས་ལེན་པར་རང་ཉིད་ཁོ་ནར་བརྟེན་དགོས་པ་ཞིག་མིན་པས། འབད་འཐབ་ལྷོད་མེད་བྱེད་དགོས། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སོགས་ཀྱི་གོ་སྐབས་གལ་ཆེན་བེད་སྤྱོད་གང་ལེགས་བྱེད་པ་དང་། གནས་ཚད་གཏན་ཁེལ་དང་དགེ་སྤེལ་སྐྱོན་སྤངས་བཅས་བྱས་ནས། བློ་སྟོབས་དེ་བས་ཆེ་བ་དང་འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་སྔོན་སྐྱོད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན་གནང་ཡོད།

དེ་རྗེས་ཞི་ཅིན་ཕིང་གིས་ཁྲའོ་ཧྲན་ཕྱིར་སྡོད་རང་མིའི་ཁྱད་ཆོས་ལྡན་པའི་ཕྱིར་སྡོད་རང་མིའི་རིག་དངོས་འགྲེམས་ཁང་ལ་གཟིགས་སྐོར་གནང་བ་རེད། སྔོན་ཆད་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མིས་དམངས་ཁྲོད་ཀྱི་ཐབས་ལམ་བརྒྱུད་ཞོར་གཏོགས་ཀྱི་ཁྱིམ་ཡིག་གམ་ཡང་ན་སྟབས་བདེའི་ཞར་བྱུང་གི་དངུལ་འགྲུལ་དཔང་འཛིན་རྒྱལ་ནང་དུ་བསྐུར་གྱི་ཡོད་པ་དང་། ཕྱི་ཡིག་དེ་དག་ཉེ་རབས་ཕྱིར་སྡོད་རང་མིའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རྩ་ཆེའི་ཡིག་ཚགས་སུ་གྱུར་ཡོད། ཞི་ཅིན་ཕིང་གིས་ཕྱིར་སྡོད་རང་མིའི་ལོ་རྒྱུས་དང་ཁྲའོ་ཧྲན་ཕྱིར་སྡོད་རང་མིའི་རིག་གནས་ངོ་སྤྲོད་ཞུས་པར་གསན་པ་རེད། ཁོང་གིས། ཕྱི་ཡིག་དེ་དག་ཁྲོད་ཕྱིར་སྡོད་སྤུན་ཟླ་རྒན་རབས་ཚོའི་དཀའ་ཚེགས་ཆེ་བའི་ལས་གཏོད་ལོ་རྒྱུས་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་བཀོད་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱིས་མཚན་སྙན་ལ་སྣང་ཆེན་དང་ཁས་ལེན་བརྩི་སྲུང་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད། ཕྱི་ཡིག་རིག་དངོས་དེ་དག་ལ་སྲུང་སྐྱོབ་ཡག་པོ་བྱས་ནས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད། མི་རྣམས་ཀྱིས་ཉེ་རབས་རང་རྒྱལ་ལ་བརྙས་བཅོས་ཕོག་པའི་ལོ་རྒྱུས་དང་ཕྱིར་སྡོད་རང་མི་རྒན་རབས་ཚོའི་དཀའ་ཚེགས་ཆེ་བའི་ལས་སྐྲུན་ལོ་རྒྱུས་མི་བརྗེད་པའི་ཆེད་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་ཡིད་རྟོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཁྲའོ་ཧྲན་ས་ཁུལ་ནི་རང་རྒྱལ་གྱི་ཕྱིར་སྡོད་རང་མིའི་ཕ་ཡུལ་གྲགས་ཅན་ཞིག་རེད། ཧྲན་ཐོའུ་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་དོན་དངོས་གནས་ཚུལ་གསར་པར་གཞིགས་ནས་ཕྱིར་སྡོད་རང་མིའི་ལས་དོན་ལེགས་པོ་སྒྲུབ་པ་དང་། ཕྱིར་སྡོད་རང་མིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ཁོང་ཚོས་མེས་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཁྲོད་ཞུགས་རྒྱུ་དང་། ཀྲུང་ཧྭ་ཡི་རིག་གནས་དར་སྤེལ། མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བར་སྐུལ་འདེད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྤེལ་རེས་དང་མཉམ་ལས་དམ་ཟབ་ཡོང་རྒྱུ་སོགས་ཀྱི་ཐད་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་དང་བསྔགས་སྐུལ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཧྲན་ཐོའུ་སྤྱི་གླིང་ཆུང་ཆུང་གི་གསར་འབྱེད་ཚོང་སྡེ་ཁུལ་ནི་མིག་སྔར་རང་རྒྱལ་དུ་ཉར་ཚགས་ཆ་ཚང་ཤོས་བྱས་པའི་གསར་འབྱེད་ཚོང་སྡེའི་ཁུལ་ཞིག་རེད། ཨ་ལོང་འགྱེད་འཕྲོད་དབྱིབས་ཀྱི་རྣམ་པ་མངོན་པའི་སྲང་ལམ་དུ་ཐོག་ཁང་མང་པོ་བསྐྲུན་ཡོད། ཞི་ཅིན་ཕིང་གིས་རྐང་ཐང་མར་ཁྲོམ་གཞུང་གི་རྣམ་པར་གཟིགས་ཞིབ་གནང་བ་དང་། ས་གནས་དེ་གའི་གསར་འབྱེད་ཚོང་སྡེའི་ཁུལ་ཉམས་གསོ་སྒྱུར་བཀོད་དང་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་སྲུང་སྐྱོང་དང་གསོན་འགྱུར་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་གནང་ཡོད། ཞི་ཅིན་ཕིང་གིས་ད་ལྟ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཧ་ཅང་མགྱོགས་པོ་ཡོད་པ་དང་གྲོང་ཁྱེར་འཛུགས་སྐྲུན་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་ཡོད། དེ་ལྟར་ཇི་ཙམ་བྱས་ན་དེ་ཙམ་གྱིས་ལོ་རྒྱུས་དང་རིག་གནས་ཀྱི་ཁྲོམ་ཁུལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་། དེང་རབས་ཀྱི་འཚོ་བའི་རྣམ་པ་དང་འདྲེས་པར་བྱས་ཏེ། གནའ་བོའི་གྲོང་ཁྱེར་ལ་གསོན་ཤུགས་གསར་པ་རྒྱས་སུ་འཇུག་དགོས། མི་རྣམས་ལ་ཧྲན་ཐོའུ་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ད་ལྟའི་གྲུབ་འབྲས་འདི་ལས་སླ་པོར་བྱུང་བ་ཞིག་མིན་པ་ངོས་འཛིན་ཐུབ་པའི་ཁྲིད་སྟོན་བྱ་དགོས་པ་དང་། དེའི་ཁྲོད་ནས་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་རྟོགས་པ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་བློ་སྤོབས་དང་། རིགས་པའི་གཞུང་ལུགས་ཀྱི་བློ་སྤོབས། ལམ་ལུགས་ཀྱི་བློ་སྤོབས། རིག་གནས་ཀྱི་བློ་སྤོབས་བཅས་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་མཇལ་སྐབས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕེན་གྱིས་ཚང་མ་འཚོ་བ་བདེ་སྐྱིད་དང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་གནང་ཡོད། ཁོང་གིས་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་དཔལ་འབྱོར་དམིགས་བསལ་ཁུལ་གྱི་འཛུགས་སྐྲུན་དེ་སེམས་པ་ཕ་ཡུལ་དང་མེས་རྒྱལ་ལ་ཕྱོགས་པའི་ཕྱིར་སྡོད་རང་མི་འབོར་ཆེན་དང་ཁ་འབྲལ་ཐབས་མེད། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱེ་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་གྲབས་ཡོད། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རང་རྒྱལ་འདི་ཉིད་སྟོབས་འབྱོར་ལྡན་ཞིང་དམངས་གཙོ་དར་བ་དང་དཔལ་ཡོན་རྒྱས་ཤིང་འཆམ་མཐུན་ཡིད་འོང་གི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། ད་ལོ་ནི་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བའི་ལོ་ཡིན། ང་རང་ཆེད་དུ་ཧྲན་ཐོའུ་དཔལ་འབྱོར་དམིགས་བསལ་ཁུལ་དུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་དུ་ཡོང་བ་ནི། རྒྱལ་ཁབ་ཕྱི་ནང་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་དང་། སྙིང་སྟོབས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། འབད་བརྩོན་ལྷོད་མེད་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་བཅས་ཡིན་པ་ཁྱབ་བསྒྲགས་བྱ་ཆེད་ཡིན། ཡུལ་མི་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་འབད་བརྩོན་བྱས་ཏེ་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཧོ་ལི་ཧྥེང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

中央广播电视总台 央广网 版权所有

བློ་གཤོག་ཆེན་པོས་འགོ་འཛུགས་ས་སྔར་བས་མཐོ་བའི་ཐོག་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་དགོས་པ།

ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་བློ་གཤོག་ཆེན་པོས་འགོ་འཛུགས་ས་སྔར་བས་མཐོ་བའི་ཐོག་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོར་གསར་པའི་ཐོག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ་འོད་སྟོང་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་བ།