ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་དང་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་གིས་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

2020-10-15 15:54:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་10པའི་ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་གིས་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་བར་གྱི་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་50སོང་རིང་། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་མཛའ་གྲོགས་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད་པས། དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོས་ཐིག་དམར་ཀུའེ་ནེ་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་རོགས་རེས་བྱས་ཏེ། ཐུན་མོང་ཐོག་རིམས་ནད་འགོག་བཅོས་བྱས་པ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ལ་ནང་དོན་གསར་པ་བསྣན་ཡོད། ང་རང་ནས་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཙུང་ཐུང་ཨའོ་པི་ཨང་དང་ལྷན་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བ་དེ་གོ་སྐབས་སུ་བཟུང་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་གི་དངོས་གཉེར་མཉམ་ལས་གཏིང་ཟབ་སྤེལ་ཏེ། ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཀྱང་ཡོད་ཅེས་གསུངས་གནང་ཡོད།

ཨའོ་པི་ཨང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་50སོང་རིང་། རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་། ཐུན་མོང་རོགས་ལས། ཕན་ཚུན་རོགས་རམ་བཅས་བྱས་པས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཐིག་དམར་ཀུའེ་ནེ་ཡ་ལ་ཀྲུང་གོ་དང་འདྲ་བའི་ལོ་རྒྱུས་ཀྱི་ཆག་སྒོ་འཕྲད་མྱོང་ཡོད་པས། མིག་སྔར་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲན་སློང་ཆེན་པོ་འཕྲད་སྐབས། རྒྱལ་ཁབ་གཉིས་པོས་ཐུན་མོང་གི་ལངས་ཕྱོགས་འཛིན་པ་དང་། ཕྱོགས་མང་རིང་ལུགས་དང་གླེང་མོལ་གྲོས་མོལ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་བཅས་ཀྱི་རྩ་དོན་སྲུང་སྐྱོང་བྱས་ནས། ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན། ཐིག་དམར་ཀུའེ་ནེ་ཡས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་འཕེལ་འགྲོ་ཚུལ་ལ་བློ་ཡིད་འཚིམ་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས། མུ་མཐུད་མཉམ་ལས་རྒྱ་བསྐྱེད་བཏང་ཐོག རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་སྔར་ལས་སྲ་བརྟན་དུ་གཏོང་འདོད་ཡོད་ཅེས་གསུངས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཞི་ཅིན་ཕིང་དང་ཐིག་དམར་ཀུའེ་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་གིས་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།