ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་རྒྱལ་སྲུང་དང་དམག་དཔུང་འཛུཊ་སྐྱོང་ཐད་འདི་འདྲ་གསུངས།

2020-08-01 18:36:51     责编:娜科

 

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཉིས་པའི་ཐོག  བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་གཏོང་།  ངར་ཤུགས་གཅིག་སྒྲིམ།  ལས་དོན་དམ་འཛིན་བཅས་བྱས་ཏེ།     རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ།

 

     སྤྱི་ཟླ7པའི་ཚེས30ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཉིས་པ་གནང་ཡོད།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་བ་དང་།  ཁོང་གིས།  རྒྱལ་ཁབ་སྟོབས་ཆེར་གཏོང་དགོས་ན་ངེས་པར་དུ་དམག་དཔུང་སྟོབས་ཆེར་གཏོང་དགོས་པ་དང་།  དམག་དཔུང་སྟོབས་ཆེར་བཏང་ན་གཞི་ནས་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས།  ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བ་ཡོང་བར། ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས། རྒྱལ་ཁབ་ཕྱུག་འགྱུར་དང་དམག་དཔུང་སྟོབས་ལྡན་ཡོང་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་།  རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་དེ་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་དང་འཚམ་པར་འགན་ལེན་ཏན་ཏིག་བྱ་དགོས།  དམག་དོན་གྱི་ནུས་པ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་མཐུན་པ་བྱ་དགོས། མིག་སྔ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྱོང་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན། བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་པོ། ངར་ཤུགས་གཅིག་སྒྲིམ། ལས་ཀ་དམ་འཛིན་བཅས་བྱས་ནས།  རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།   

     དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་པ་བློ་མཐུན་ཁྲེན་རུང་ཏེས་གནད་དོན་དེའི་སྐོར་ལ་འགྲེལ་བཤད་གནང་བ་མ་ཟད། བསམ་འཆར་དང་གྲོས་འགོ་ཡང་བཏོན་ཡོད།  ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་བློ་མཐུན་ཚོས་ཁོང་གི་འགྲེལ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།

     ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཡོད།   ཁོང་གིས།  རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་འཛུགས་སྐྱོང་བྱ་རྒྱུ་ནི་རང་རེའི་ཏང་གིས་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་དམིགས་ཚད་ཅིག་རེད།   དུས་ཡུན་རིང་པོའི་ལག་ལེན་ཁྲོད། རང་རེའི་ཏང་གིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡོངས་ཀྱི་གནས་བབ་གལ་ཆེན་དུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དཀའ་སྤྱད་འབད་བརྩོན་བྱས་པས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས།   བྱེད་ཕྱོགས་དང་རྩ་དོན་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། བཀོད་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ།  ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།   དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད།   ད་ལོ་ང་ཚོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྤྱི་ལོ་2020ལོའི་དམིགས་འབེན་དང་ལས་འགན་མངོན་འགྱུར་ཐུབ་རྒྱུ་མ་ཟད།  དེ་བསྟུན་མདུན་སྐྱོད་བྱས་ཏེ།  རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་དང་། དེ་ནས་རང་དམག་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་བཞིན་ཡོད་ཅེས་གསུངས་ཡོད། 

     ཞི་ཅིན་ཕིང་གིས།   ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྱོང་བྱེད་པའི་ཐད་འཐབ་ཇུས་ཀྱི་འཆར་འགོད་དང་བཀོད་སྒྲིག་གསར་པ་མཛད་ཡོད། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། དམག་དོན་གྱི་རིགས་པའི་གཞུང་ལུགས་དང་། དམག་དཔུང་གི་རྩ་འཛུགས་རྣམ་པ། དམག་དོན་མི་སྣ། གོ་མཚོན་སྒྲིག་ཆས་བཅས་དེང་རབས་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།   འཕྲུལ་ཆས་ཅན་དང་།  ཆ་འཕྲིན་ཅན།  རིག་ནུས་ཅན་བཅས་མཉམ་འདྲེས་ངང་འཕེལ་རྒྱས་མགྱོགས་པོ་གཏོང་དགོས།  དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་དམིགས་འབེན་དང་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གསུངས་གནང་ཡོད།  

     ཞི་ཅིན་ཕིང་གིས།    མིག་སྔའི་ཆར།  འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།  ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་སྤྱིའི་གནས་སྟངས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད།  རང་རྒྱལ་གྱི་བདེ་འཇགས་གནས་བབ་ལའང་གཏན་ཁེལ་མིན་པ་དང་བརྟན་འཇགས་མིན་པའི་རང་བཞིན་ཇེ་ཆེར་སོང་ཡོད།  འཛམ་གླིང་གི་དམག་དོན་གསར་བརྗེ་གསར་པ་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དེས།  ང་ཚོར་ཐོབ་དཀའ་བའི་གོ་སྐབས་རག་པ་དང་ཆབས་ཅིག   འགྲན་རྩོད་དྲག་པོ་ཡང་འཕྲད་ཡོད།   ལས་འགན་སྒྲུབ་སེམས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཆེ་རུ་བཏང་ནས།   རང་དམག་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་མཆོངས་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་འབད་བརྩོན་བྱ་དགོས་ཞེས་བསྟན་གནང་ཡོད།

     ཞི་ཅིན་ཕིང་གིས།   རྒྱལ་ཁབ་ཀྱི་འཕེལ་རྒྱས་བཀོད་སྒྲིག་མཐུན་སྦྱོར་ཡོང་བ་བྱེད་དགོས།    དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་དོན་འཁྱོལ་དང་། རང་དམག་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པ། རང་དམག་འཛུགས་སྐྱོང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་བཟོ་འགོད་ཡག་པོ་བྱས་ཏེ།  ཚན་རིག་དང་མཐུན་པའི་ལམ་རིས་དང་ལས་གཉེར་དཔེ་རིས་ཆགས་པ་བྱ་དགོས། ཁ་ཕྱོགས་མི་འགྱུར་བ་དང་། བགྲོད་ལམ་ཡོ་འཁྱོག་མིན་པ། ཤུགས་ཚད་ཆུང་དུ་མི་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ།  སྒྱུར་བཅོས་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ།  འཐབ་འཛིང་བྱེད་ནུས་ཟམ་མི་ཆད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ།   དམག་དཔུང་གི་གསོན་ཤུགས་ཇེ་ཆེར་གཏོང་དགོས།   རང་བརྟེན་གསར་གཏོད་འཐབ་ཇུས་ཀྱི་གཞི་གནས་རྒྱུན་འཁྱོངས་བྱེད་པ་དང་།  རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་བ། འཐབ་ཇུས་རང་བཞིན་དང་། མདུན་གྲལ་རང་བཞིན།  རྩ་སློག་རང་བཞིན་བཅས་ཀྱི་ལག་རྩལ་འཕེལ་རྒྱས་མགྱོགས་སུ་གཏོང་བ། རྒྱལ་སྲུང་ཚན་རྩལ་དང་གོ་མཚོན་སྒྲིག་ཆས་ཀྱི་འཐབ་ཇུས་ལས་གྲྭ་གལ་ཆེན་ལག་བསྟར་གང་མགྱོགས་བྱེད་པ་བཅས་ཀྱི་ཐོག་ནས། རང་དམག་འཛུགས་སྐྱོང་བྱེད་པའི་ཚན་རྩལ་འདུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།   དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་། གནས་གསུམ་གཞི་གཅིག་གི་དམག་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དམག་དོན་མི་ཤུགས་ཐོན་ཁུངས་དོ་དམ་གསར་གཏོད་དང་། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་མི་སྣ་གསར་པ་གསོ་སྐྱོང་བྱེད་པ། ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་མི་སྣ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ནང་ཞུགས་སུ་འཇུག་པ། དོ་དམ་གྱི་འདུ་ཤེས་གསར་སྒྱུར་དང་། འཐབ་ཇུས་ཀྱི་བྱང་ཚད་མཐོར་འདེགས། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཐབ་ཇུས་དོ་དམ་གྱི་སྦྲེལ་ལམ་ཤར་བགྲོད་བྱེད་པ། དམག་དོན་དོ་དམ་གྱི་གསར་བརྗེར་དོན་དངོས་རང་བཞིན་གྱིས་སྐུལ་འདེད་གཏོང་བ།  དམག་དོན་མ་ལག་གི་འཁོར་སྐྱོད་ཕན་ནུས་དང་རྒྱལ་སྲུང་ཐོན་ཁུངས་ཀྱི་བེད་སྤྱོད་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད། 

     ཞི་ཅིན་ཕིང་གིས།    ཏང་ཡོངས་དང་རྒྱལ་ཡོངས་གཅིག་སེམས་གཅིག་ལ་སྒྲིལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།   དམག་དཔུང་དང་ས་གནས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།   ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་བཅས་ཀྱིས་རྒྱལ་སྲུང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁུར་བའི་འབྲེལ་ཡོད་ལས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ།   རྒྱལ་སྲུང་ཚན་རྩལ་གསར་གཏོད་དང་། རྒྱལ་སྲུང་ལས་གྲྭ་འཛུགས་སྐྲུན། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། དམག་མིའི་ནང་མི་དམག་དང་མཉམ་དུ་ལས་ཞུགས་བྱེད་པ་དང་། བུ་ཕྲུག་སློབ་གྲྭར་ཞུགས་པ་དང་བུ་བཅོལ་ཁང་དུ་ཞུགས་པ། གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ། དམག་ཞབས་ཐིམ་པའི་དམག་མིའི་འགན་སྲུང་སོགས་ཀྱི་ཐད་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་སེལ་ཡོད། དམག་དཔུང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་འབྲེལ་གཏུག་མཐུན་སྦྱོར་ཡག་པོ་བྱས་ཏེ།     རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་མདུན་ཕྱོགས་སུ་བསྐྱོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།  

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མིག་དམར་རྒྱ་མཚོ།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ། 

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་རྒྱལ་སྲུང་དང་དམག་དཔུང་འཛུཊ་སྐྱོང་ཐད་འདི་འདྲ་གསུངས།