ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་དང་ལྷན་དུ་དམག་དཔུང་གི་ལོ་རྒྱུས་ལ་རྒྱུས་ལོན་བྱེད།

2020-07-31 11:13:44     责编:娜科

 

 

སྤྱི་ལོ་1927ལོའི་ཟླ་བ་8པའི་ཚེས་1ཉིན།

ནན་ཁྲང་གྲོང་ཁྱེར་ནས་གྲགས་པའི་མེ་མདའི་སྒྲ་ཞིག་གིས་མཚན་མོའི་ལྷིང་འཇགས་དཀྲོག

ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་གཡུལ་འགྱེད་བྱ་རྒྱུར་དམ་བཅས་པའི་དཔུང་སྡེ་ཞིག་དེ་ནས་བལྟམས།

ཀྲུང་གོའི་མི་དམངས་ལ་མུན་ནག་ཁྲོད་ནས་གསར་བརྗེའི་རེ་བ་འཆར།

དཀའ་སྡུག་ཁྲོད་ནས་འབད་འབུངས་བྱེད་པའི་སྟོབས་ཤུགས་ཤིག་མཐོང་།

ཀྲུང་གོ་གུང་ཁྲན་ཏང་གིས་རང་ཚུགས་ཐོག་འགོ་ཁྲིད་པའི་མི་དམངས་དཔུང་སྡེ་དེ།

ཐོག་མར་བཙུགས་པའི་ཉིན་ནས་བཟུང་།

ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་འཚོལ་བར་ཆས།

ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་བརྩོན་ལེན་གྱི་ལམ་དུ་ཞུགས།

ཡུན་རིང་གི་རྒྱང་སྐྱོད་ནང་། ཁོ་ཚོས་ཟམ་མི་ཆད་པར་འཚོལ་ཞིབ་བྱས། 

 

རེ་བའི་ཁ་དོག

 

    གལ་སྲིད་རེ་བར་ཁ་དོག་ཡོད་ཟེར་ན། དེ་ནི་ཏན་ཏན་དམར་པོ་རེད། སྐབས་དེའི་མི་རྣམས་ཀྱི་ངོས་ནས་བཤད་ན། དེར་ད་དུང་མིང་ཞིག་ཡོད་དེ། དེ་ནི་དམར་དཀྲིས དམག་ཅེས་པ་དེ་ཡིན། 

    སྤྱི་ལོ་1927ལོའི་ཟླ་8པའི་ཚེས་1ཉིན་གྱི་ཐོ་རེངས་ཆུ་ཚོད་2པར། འོས་ལངས་དམག་གིས་གྲ་སྒྲིག་ཨང་གསར་བྱས། སྐབས་དེར་དགྲ་ཕྱོགས་དང་རང་ཕྱོགས་གཉིས་ཀ་གོ་མིན་གསར་བརྗེའི་དམག་གི་ཁོངས་སུ་གཏོགས་ཤིང་། གཉིས་ཀས་དམག་ཆས་གཅིག་པ་གྱོན་ཡོད། རང་ཕྱོགས་དང་དགྲ་ཕྱོགས་དབྱེ་བ་འབྱེད་བདེ་བའི་ཆེད། འོས་ལངས་དམག་གིས་ལག་པ་གཡོན་མའི་ཐོག་ཨ་ཅོར་དཀར་པོ་རེ་དཀྲིས་ཡོད་པ་མ་ཟད། བྲང་ཁོག་གི་མདུན་དུ་གོང་དཀྲིས་དམར་པོ་བཏགས་ཡོད། མང་ཚོགས་ཚོས་སྙིང་ཉེ་བའི་་ངང་ཁོ་ཚོར་དམར་དཀྲིས་དམག་ཅེས་ཟེར།

    ནན་ཁྲང་འོས་ལངས་ཀྱིས་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་ལ་དྲག་པོའི་ངོ་རྒོལ་བྱེད་པའི་མེ་མདའ་དང་པོ་དེ་བརྒྱབ་ཅིང་། སྟོན་བསྡུའི་འོས་ལངས་དང་། ཀོང་ཀྲོའུ་འོས་ལངས། དེ་བཞིན་ས་ཁུལ་གཞན་པའི་དྲག་པོའི་འོས་ལངས་ཀྱིས་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་གིས་རང་ཚུགས་ཐོག་འགོ་ཁྲིད་པའི་གསར་བརྗེའི་དམག་འཁྲུག་དང་། མི་དམངས་དམག་དཔུང་འཛུགས་པའི་འགོ་བརྩམས་པ་མཚོན་པ་དང་། དམར་པོའི་གཞི་རྒྱུ་དེ་དུས་དེ་ནས་དམག་དཔུང་འདིའི་ཁྲག་རྒྱུན་ནང་ཐིམས། 

    དུས་དེ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་མི་དམངས་དམག་དཔུང་དཔའ་ངར་ཆེན་པོས་ཀྲུང་གོའི་མི་དམངས་ལ་བཅིངས་འགྲོལ་དང་། བདེ་སྐྱིད་བརྩོན་ལེན་དང་། ཀྲུང་ཧྭ་མི་རིགས་ལ་རང་བཙན་དང་བསྐྱར་དར་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་རླབས་རྒྱུན་ནང་ཞུགས་པ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་དམངས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དབུ་བརྙེས་ནས་ལོ་ངོ་90འཁོར་བའི་ཚོགས་ཆེན་ཐོག་གསུངས། 

 

ཀུའུ་ཐན་དུ་དམག་དཔུང་གི་བླ་སྲོག་བསྐྲུན། 

 

    སྤྱི་ལོ་1929ལོའི་ཟླ་12པའི་ཚེས་28ཉིན་ནས་29ཉིན་བར། གནམ་གཤིས་ཤིན་ཏུ་གྲང་ངར་ཆེ། ཧྥུ་ཅན་ཞིང་ཆེན་ཀུའུ་ཐན་གྲོང་རྡལ་ཞི་པེ་གྲོང་ཚོའི་མུའུ་ཧྲེ་མེས་པོའི་མཆོད་ཁང་གི་ཚོམས་ཆེན་དུ་སྤྲོ་སྣང་དང་སྒམ་བརླིང་ཅིག་ཅར་དུ་ལྡན་པའི་སྒྲིག་གཤོམ་བྱས་ཡོད། དེ་གར་མའོ་ཙེ་ཏུང་དང་ཀྲུའུ་ཏེ་སོགས་དབུ་ཁྲིད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དམར་དམག་དམག་དཔུང་བཞི་པའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ་དང་། ལོ་རྒྱུས་ཐོག་དེར་ཀུའུ་ཐན་གྲོས་ཚོགས་ཟེར། 

    སྐབས་དེར་དམར་དམག་གྲོང་གསེབ་ཀྱི་ངེས་མེད་རྒོལ་རྡུང་དམག་འཐབ་ཀྱི་ཁོར་ཡུག་ནང་གནས་ཡོད་པ་དང་། དཔུང་ཁག་གི་གྲུབ་ཆ་གཙོ་བོ་ནི་ཞིང་པ་ཡིན། དམག་དཔུང་ནང་ཞིང་པ་དང་དེ་མིན་གྱི་འབྱོར་ལྡན་གྲལ་རིམ་ཆུང་གྲས་ནས་ཐོན་པའི་ཏང་ཡོན་གྱིས་མང་ཆེ་བ་ཟིན་ཡོད། ཆ་རྐྱེན་དེ་ལྟ་བུའི་འོག གང་འདྲ་བྱས་ནས་ཏང་ནང་དང་དམག་དཔུང་ནང་གི་འབྱོར་མེད་གྲལ་རིམ་མ་ཡིན་པའི་བསམ་བློ་ཁྱད་བསད་བྱས་ཏེ། ཏང་འདི་ཉིད་འབྱོར་མེད་གྲལ་རིམ་གྱིས་འགོ་ཁྲིད་བྱས་པའི་མི་དམངས་དམག་དཔུང་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་ཐག་གཅོད་བྱ་དགོས་པའི་རྩ་བའི་གནད་དོན་དུ་གྱུར། 

    ཀུའུ་ཐན་གྲོས་ཚོགས་ཀྱི་གྲོས་ཐག་ཆོད་ཡིག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཕུལ་བའི་རྒྱུགས་ལན་དེ་ཡིན། ཚོགས་འདུའི་ཐོག་ནན་ཁྲང་འོས་ལངས་བྱས་རྗེས་ཀྱི་དམག་འཛུགས་ཏང་འཛུགས་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པ་དང་། མི་དམངས་དམག་དཔུང་འཛུགས་སྐྱོང་གི་གཞི་རྩའི་རྩ་དོན་གཏན་འཁེལ་བྱས། དེའི་ལྟེ་བའི་ནང་དོན་ནི། ཏང་གིས་མེ་མདར་བཀོད་འདོམས་བྱ་རྒྱུ་དེ་ཡིན་པ་ལས། མེ་མདའ་ཡིས་ཏང་ལ་བཀོད་འདོམས་བྱ་རྒྱུ་དེ་མིན་ཞིང་། ཏང་གིས་དམར་དམག་ལ་ལྟོས་མེད་འགོ་ཁྲིད་བྱ་རྒྱུ་ནན་བཤད་བྱས་ཡོད་པ་དང་། དམར་དམག་གི་ངོ་བོ་དང་། དམིགས་ཡུལ། ལས་འགན་སོགས་གཏན་འབེབས་བྱས་ཡོད། ཀུའུ་ཐན་གྲོས་ཚོགས་ནས་བཟུང་། ཀྲུང་གོའི་གསར་བརྗེ་ཡི་འགྲུལ་བཞུད་གསར་པ་ཞིག་གི་འགོ་ཚུགས་པ་དང་། མེ་སྟག་གིས་སྤང་ལྗོངས་བསྲེག་པའི་ཚུལ་གྱིས་སྟོབས་ཆུང་ནས་སྟོབས་ཆེ་དང་། རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་བསྐྱོད་ཡོད། 

    སྤྱི་ལོ་2014ལོའི་ཟླ་10པའི་ཚེས་30ཉིན། ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་འགོ་ཁྲིད་གནང་ནས་ཀུའུ་ཐན་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་སྐོང་འཚོགས་གནང་བ་དང་། དམག་དཔུང་གི་མཐོ་རིམ་དཔོན་པོ་400ལྷག་ཙམ་གྱི་སྣེ་ཁྲིད་ནས་ཀུའུ་ཐན་དུ་ཕེབས་ཡོད། ཁོང་གིས། དམག་ཡོངས་ཀྱི་ཆབ་སྲིད་ལས་ཁུངས་དང་ཆབ་སྲིད་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་བྱས་ཐོག ཆབ་སྲིད་ཀྱི་འདུ་ཤེས་དང་། འཐབ་སའི་འདུ་ཤེས། གནས་བབ་ཧྲིལ་པོའི་འདུ་ཤེས་བཅས་མཐོར་འདེགས་ཀྱིས། དམག་དོན་སྦྱོང་བ་དང་། བཀོད་འདོམས་སྦྱོང་བ། ཚན་རྩལ་སྦྱོང་བ་བཅས་བྱས་ནས། ཏང་ལ་ལྟོས་མེད་ངང་ལྷག་བསམ་རྣམ་དག་བྱེད་པ་དང་། དམག་འཐབ་ནུས་ལྡན་ཐུབ་རྒྱུར་དམིགས་པ། སྤྱོད་ཚུལ་གཟུགས་བརྙན་ལེགས་པ་བཅས་ཀྱི་ཆབ་སྲིད་ལས་ཁུངས་དང་ཆབ་སྲིད་ལས་བྱེད་དཔུང་ཁག་ཅིག་ཧུར་བརྩོན་ཆེན་པོས་འཛུགས་དགོས་ཞེས་ནན་སྟོན་གནང་ཡོད། 

 

བཅིངས་འགྲོལ་གྱི་དུང་བརྡ། 

 

    སེར་པོར་གྱུར་བའི་ལས་དོན་ལག་དེབ་ཅིག་ནང་། གསར་བརྗེ་དཔའ་བོ་ཞིག་གི་སྐུ་ཚེ་གང་པོའི་ཕུགས་བསམ་དད་སེམས་འདུས་ཡོད་པ་དང་། བླ་ན་མེད་པའི་ཕུགས་བསམ་གྱི་རྒྱབ་ཏུ་འཁོལ་བའི་ལྷག་བསམ་ངོ་མ་དེར་དཔང་པོ་བྱས་ཡོད། 

ལག་དེབ་དེའི་བདག་པོའི་མིང་ལ་མ་རེན་ཞིང་ཟེར། ཁོང་ནི་བྱང་ཤར་དམངས་གཙོ་མཉམ་འབྲེལ་དམག་ལེའོ་ཅི་ཙུང་ཏུའེ་རང་ཚུགས་ཧྲེ་ཤོག་དང་པོའི་དམག་དཔོན་ཡིན་ལ། སི་ཕིང་གཡུལ་འགྱེད་ནང་སྐུ་གཤེགས་པའི་དམག་དཔོན་རིམ་པ་མཐོ་ཤོས་དེ་ཡང་ཡིན། 

    མ་རེན་ཞིང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྐྱོབ་དམངས་སྐྱོབ་ཀྱི་ལམ་བུ་འཚོལ་ཞིབ་གནང་བ་དང་། ཁོང་ཐོག་མའི་དུས་སུ་བྱང་འདུལ་དམག་འཐབ་ནང་ཞུགས་མྱོང་བ། གོ་མིན་ཏང་གི་དམག་དཔུང་ནང་དམག་དཔོན་འབྲིང་བ་ནས་ཧྲེ་ཤོག་གི་དྲག་ཇུས་དཔོན་གནང་ཡོད། དགུ་པའི་བཅོ་བརྒྱད་ཀྱི་དོན་འགྱུར་བྱུང་རྗེས། ལྗར་པན་འདྲེ་དམག་གི་བཙན་འཛུལ་དང་། རྒྱལ་ཁོངས་དགྲ་ལག་ཏུ་ཤོར་བ། དམངས་འཚོ་ཐབས་དཀའ་བ་བཅས་ཀྱི་སྣང་ཚུལ་ལ་གཟིགས་རྗེས། ཁོང་ལ་རིམ་བཞིན་གུང་ཁྲན་ཏང་ཁོ་ནས་ཀྲུང་གོ་སྐྱོབ་ཐུབ་པའི་ངེས་ཤེས་རྙེད། སྤྱི་ལོ་1938ལོར། ཁོང་ཐེ་ཚོམ་སྤུ་ཙམ་མེད་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།  ཁོང་གིས་རང་གི་རྟོགས་བརྗོད་ནང་། དུས་དེ་ནས་བཟུང་། རང་རེའི་ཏང་གི་ཐད་ཀའི་འགོ་ཁྲིད་འོག་འཚོ་བ་བསྐྱལ་བ་ཡིན། གུང་ཁྲན་རིང་ལུགས་ཀྱི་དད་སེམས་ཡོད་པ་ཞིག་རྩ་འཛུགས་ནང་མི་ཞུགས་པ་དང་། གུང་ཁྲན་ཏང་གི་འགོ་ཁྲིད་བྱས་པའི་བྱེད་སྒོར་མ་ཞུགས་ན། དེ་ནི་སྟོང་བསམ་པ་ཞིག་གམ། ཡང་ན་སྐབས་འཚོལ་རིང་ལུགས་པ་ཞིག་རེད་ཅེས་བྲིས་ཡོད། 

    ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། མ་རེན་ཞིང་དཔུང་སྡེ་དང་ཆབས་ཅིག་བྱང་ཤར་དུ་ཕེབས་པ་མ་ཟད། ལེའོ་ཅི་དམག་སའི་ཐོག་བྱས་རྗེས་ཡང་ཡང་འཇོག་གནང་མཛད།  ལས་ཀའི་ལག་དེབ་འདིའི་ནང་མ་རེན་ཞིང་གི་སྐབས་དེའི་ཕྱག་ལས་ཀྱི་གནས་ཚུལ་བཀོད་ཡོད་པ་དང་། དེ་དག་ཁྲོད་ཁོང་གིས་འགག་གཏོར་འཐབ་རྩལ་ཐད་ཞིབ་འཇུག་གནང་བའི་མྱོང་ཚོར་དང་། གཟབ་ནན་གྱིས་འབྲི་བཀོད་གནང་བའི་དམག་འཐབ་ས་བཀྲ། དགྲ་བོར་འགོག་རྒོལ་བྱེད་པའི་སྙོམས་ངོས་རི་མོ་བཅས་ཡོད་པ་མ་ཟད། ད་དུང་ལས་བྱེད་པ་141ཀྱི་མིང་དང་། གཞིས་ཁུངས། རིག་གནས་ཆུ་ཚད། གཤིས་ཀ་སོགས་མི་སྒེར་གྱི་གནས་ཚུལ་བཀོད་ཡོད། མ་རེན་ཞིང་གིས། ལས་བྱེད་པའི་ཞིབ་ཕྲའི་ལས་དོན་ནི་དམག་མིར་གཅེས་སྐྱོང་བྱ་རྒྱུ་དེ་རེད་ཅེས་རྒྱུན་དུ་གསུངས་བ་དང་། ཕྱག་ལས་ནང་ཁོང་ནི་མི་རྒྱུས་ལོན་ཞིང་སྐུལ་སློང་མཁས་པོ་ཞིག་ཡོད་པས། དཔུང་སྡེར་ཕུལ་བྱུང་ལས་བྱེད་པ་འབོར་ཆེན་གསོ་སྐྱོང་གནང་ཡོད།

    སྤྱི་ལོ་1947ལོའི་ཟླ་6པར།  ཁོང་གིས་དམག་དཔུང་གི་སྣེ་ཁྲིད་དེ་སི་ཕིང་འགག་གཏོར་དམག་འཐབ་ནང་ཞུགས་པ་དང་།  འཐབ་འཛིང་པའི་སྣེ་ཁྲིད་དེ་གཡུལ་ས་མདུན་མར་བསྐྱོད་དེ་དགྲ་བོའི་འགོག་སྲུང་གཏོར།  སྤྱི་ཟླ་6པའི་ཚེས་23ཉིན་གྱི་ས་སྲོད།  ཧྲེ་ཤོག་གི་དྲག་ཇུས་དཔོན་དང་དམག་འཐབ་ཇི་ལྟར་བྱེད་ཚུལ་སྐོར་ལ་དབྱེ་ཞིབ་གནང་སྐབས་ལུས་ལ་མེ་མདའ་ཕོག་སྟེ་སྟབས་མ་ལེགས་པར་སྐུ་གཤེགས།  དེའི་གོང་།  མ་རེན་ཞིང་གི་བུ་ཡང་ཕ་མ་གཤེགས་གོང་ལྗར་འགོག་དམག་འཁྲུག་གི་འཐབ་ས་མདུན་མར་རང་སྲོག་བློས་གཏོང་གནང་།  ཁོང་གིས་ཏང་ལ་རེ་བ་ཅི་ཡང་འདོན་མ་མྱོང་ཡང་ཡོད་ཚད་ཏང་ལ་ཕུལ་ཡོད།

    སྤྱི་ཟླ་7པའི་ཚེས་22ཉིན་གྱི་ཕྱི་དྲོ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཕིང་གཡུལ་འགྱེད་དྲན་གསོ་ཁང་དུ་ཕེབས་པ་དང་།   སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ཕེབས་རྗེས་ཁོང་གིས།  ལས་གཏོད་དཀའ་ལ་བྱ་གཞག་བརྟན་སྲུང་བྱ་རྒྱུ་དེ་ལས་དཀའ།  ཀྲུང་གོའི་གུང་ཁྲན་ཏང་གིས་བཏོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བྱ་གཞག་སྲུང་སྟེ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་གསུངས།

 

འདམ་རྫབ་ཁྲོད་དུ་འགྲོ་ལམ་བདེ་པོ་བཏོད་པ།

 

    རྒྱལ་ཁབ་མང་པོས་བཟོ་སྐྲུན་བྱེད་པ་ནས་སུའུ་ལན་ལ་ལད་མོ་བྱས་ནས་བཟོ་བ་དང་དེ་ནས་རང་བརྟེན་གསར་གཏོད་བྱེད་པའི་བར། ཀྲུང་གོའི་ཐན་ཁེ་ཡིས་འདམ་རྫབ་ཁྲོད་ནས་འགྲོ་ལམ་བདེ་པོ་ཞིག་བཏོད་དེ་སྐམ་དམག་གི་ལྕི་བའི་གོ་མཚོན་སྒྲིག་ཆས་བཟོ་བའི་རང་སྟོབས་རང་འཕེལ་གྱི་ལམ་བུ་བཏོད་ཡོད།

 

བྱས་རྗེས་རྟགས་ཅན་གྱི་ཐན་ཁེ།

    སྤྱི་ལོ་1945ལོའི་ཟླ་11པར།  མི་དམངས་དམག་དཔུང་གིས་ཧྲེན་ཡང་གི་ལྗར་པན་ཀོན་ཏུང་དམག་གི་ཐན་ཁེ་ཉམས་གསོ་བྱེད་ས་ནས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ཁྲབ་ལྡན་དམག་དཔུང་གི་ལོ་རྒྱུས་ཐོག་གི་ཐན་ཁེ་དང་པོ་དེ་བླངས། ལོ་ངོ་75ཡི་གོང་། རང་དམག་གིས་གོག་ཧྲུལ་དུ་གྱུར་བའི་ཐན་ཁེ་འདི་ལ་བརྟེན་ནས། བྱང་ཤར་ཡན་ཨན་མེ་སྒྱོགས་དམག་སློབ་གྲྭར་ཐན་ཁེ་དམག་དཔུང་ཐོག་མ་དེ་བཙུགས།  བཅིངས་འགྲོལ་དམག་འཁྲུག་ཁྲོད་བྱས་རྗེས་ཡང་སེ་བཞག་པའི་ཐན་ཁེ་དེའི་མིང་ལ་བྱས་རྗེས་རྟགས་ཅན་ཞེས་བཏགས།  ཀྲུང་གོ་གསར་པ་དབུ་བརྙེས་པའི་མཛད་སྒོའི་སྐབས་བྱས་རྗེས་རྟགས་ཅན་གྱི་ཐན་ཁེ་དེ་ཉིད་ཀྱིས་སྣེ་ཁྲིད་དམག་གི་འཐབ་འཁོར་ཡིན་པའི་ངོས་ནས་དམག་གཟིགས་དང་ལེན་ཞུས་པ་དང་།  ཀྲུང་གོ་གསར་པའི་ཁྲབ་ལྡན་སྟོབས་ཤུགས་མངོན་པར་བྱས། 

 

215དཔའ་བོའི་ཐན་ཁེ། 

    ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཀྲུང་གོའི་ཁྲབ་ལྡན་དམག་དཔུང་ལ་བཀོད་སྒྲིག་བྱས་པའི་ཐན་ཁེ་མང་ཆེ་བ་ནི་དགྲ་ལག་ནས་བླངས་པའི་ལྗར་པན་ཐན་ཁེ་དང་། དབྱིན་ཇིའི་ཐེན་ཁེ།  ཨ་རིའི་ཐེན་ཁེ་བཅས་ཡིན་ཞིང་།  བཟོ་དབྱིབས་རྙོག་འཛིང་ཆེ་ལ་ཉམས་བཟོ་བྱེད་པར་དཀའ་ངལ་ཆེ།  ཀྲུང་གོའི་ཁྲབ་ལྡན་དམག་དཔུང་ཚད་ལྡན་ཅན་ལ་འགྱུར་ཆེད།  དམག་དཔུང་གིས་སྤྱི་ལོ་1950ལོ་ནས་བཟུང་།  སུའུ་ལན་གྱི་T-34རྟགས་ཅན་གྱི་ཐན་ཁེ་ནང་འདྲེན་བྱས་པ་དང་།  ཀྲུང་གོའི་མི་དམངས་དང་བླངས་དམག་གི་T-34ཐན་ཁེ་ཡིས་འཐབ་འཛིང་བྱེད་སྐབས་བྱས་རྗེས་ངོ་མཚར་ཅན་མང་པོ་བཞག་ཡོད།  དེའི་ཁྲོད་ཀྱི་215དཔའ་བོའི་ཐན་ཁེ་ཁྲའོ་ཞན་གྱི་དམག་སར་བྱས་རྗེས་ངོ་མཚར་ཅན་ཡང་ཡང་བཞག་ཅིང་། དེས་དགྲ་དམག་གི་ཐན་ཁེ་ཆེ་གྲས་5དང་། གནམ་འཕེན་མེ་སྒྱོགས་9 རླངས་འཁོར་1བཅས་གཏོར་བ་དང་། ཐན་ཁེ་1འཕྲོ་བརླག་བཏང་།  བཙན་རྫོང་ཁག་26དང་། དོང་ལམ་དང་བཀོད་འདོམས་ཁང་རེ་རྩ་གཏོར་བཏང་ནས་རྐང་དམག་ལ་གཞོགས་འདེགས་ཀྱིས་དམག་འཐབ་ལས་འགན་ཐེངས་7ལེགས་པར་བསྒྲུབས།  

 

ཀྲུང་གོས་བཟོས་པའི་59དབྱིབས་ཅན་གྱི་ཐན་ཁེ།

    སྤྱི་ལོ་1959ལོའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དམག་གཟིགས་མཛད་སྒོའི་ཐོག་59དབྱིབས་ཅན་གྱི་ཐན་ཁེ་ཡོངས་བསྒྲགས་སུ་ཐེངས་དང་པོ་བསྟན་པ་དང་།  ཐན་ཁེ་དེ་ཐོན་པ་དེས་ཀྲུང་གོས་ཐན་ཁེ་བཟོ་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།  59དབྱིབས་ཅན་གྱི་ཐན་ཁེ་ཡིས་འགོག་སྲུང་ནུས་པ་དང་སྐབས་བསྟུན་རང་བཞིན་ཤིན་ཏུ་ཆེ་བས་འཛམ་གླིང་གི་རྩེ་གྲའི་གྲས་སུ་སླེབས་པ་དང་།  དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་བར་བཅིངས་འགྲོལ་དམག་གི་ཐན་ཁེ་གཙོ་བོ་དེ་རེད།

 

99Aདབྱིབས་ཅན་གྱི་དམག་འཐབ་གཙོ་བོའི་ཐན་ཁེ་དང་15དབྱིབས་ཅན་གྱི་ཐན་ཁེ་ཆུང་གྲས། 

    དུས་རབས་21ཤར་ཚུན།  རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པ་མ་ཟད་99དབྱིབས་ཅན་གྱི་ཐན་ཁེ་ཡིས་འཐུས་ཚབ་བྱས་པའི་སྔོན་ཐོན་བཟོ་དབྱིབས་ཀྱི་ཐན་ཁེ་འབོར་ཆེན་ཞིག་སྒྲིག་སྦྱོར་བྱས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོའི་ཐོག་99Aདབྱིབས་ཅན་གྱི་གཙོ་འཐབ་ཐན་ཁེ་དང་ཐེངས་དང་པོར་བསྟན་པའི་15དབྱིབས་ཅན་གྱི་ཐན་ཁེ་ཆུང་གྲས་དག་མདའ་དབྱིབས་ལྟར་བང་གྲལ་སྒྲིག་ཡོད་པ་དང་།  སྐམ་འཐབ་ཀྱི་རྒྱལ་པོ་ལྟ་བུའི་ཟིལ་རྔམ་ཐོག་ནས་ཀུན་གྱི་སྤྱན་ལམ་དུ་བཤམས།  མེད་པ་ནས་ཡོད་པ་དང་།  རྙིང་པ་ནས་སྤུས་ལེགས་བར་སྤྱིར་བཏང་མིན་པའི་ཐན་ཁེའི་ལམ་བུས་ཀྲུང་གོའི་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་གོང་འཕེལ་དང་དམག་དཔུང་འཛུགས་སྐྱོང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་མཚོན་ཡོད།  

    ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་90འཁོར་བའི་ཚོགས་ཆེན་ཐོག   ཞི་ཅིན་ཕིང་གིས་མི་དམངས་དམག་དཔུང་དེ་དེ་སྔའི་དམག་རིགས་རྐྱང་པའི་དམག་དཔུང་ནས་དམག་རིགས་མང་པོ་མཉམ་འབྲེལ་བྱེད་པའི་དམག་དཔུང་སྟོབས་ཆེན་ལ་གྱུར་ཡོད་པ་དང་།  དེ་སྔའི་མེ་མདའ་རིང་མདའ་ཡིས་དྲག་ཆས་སྤྲད་པའི་དམག་དཔུང་ནས་གཞི་རྩའི་ཆ་ནས་འཕྲུལ་ཆས་ཅན་ལ་འགྱུར་བ་དང་།  ཆ་འཕྲིན་ཅན་གྱི་སྟོབས་ཆེའི་དམག་དཔུང་ཕྱོགས་སུ་མདུན་སྐྱོད་མགྱོགས་པོ་བྱེད་བཞིན་ཡོད་ཅེས་གསུངས། 

    བརྒྱད་གཅིག་ནན་ཁྲང་འོས་ལངས་ནས་འགོ་བཙུགས་ཏེ་མི་དམངས་དམག་དཔུང་གིས་ཅིང་ཀང་ཧྲན་རི་བོའི་འཐབ་འཁྲུག་དང་།  རྒྱང་སྐྱོད།  འཇར་འགོག་དམག་འཁྲུག  བཅིངས་འགྲོལ་དམག་འཁྲུག  ཨ་འགོག་ཁྲའོ་རོགས་བར་བརྒྱུད་མྱོང་ཞིང་།  སྔོན་བྱོན་པ་ཚོས་དཀའ་ངལ་ཁྱད་བསད་དང་།  ཁྲག་དྲོན་ལ་བརྟེན་ནས་གསར་བརྗེའི་ལེགས་གྲུབ་ལྡན་པའི་འགྲོ་ལམ་བཏོད་ཡོད།  དམག་དཔུང་བཙུགས་ནས་ལོ་ངོ་93རིང་།  མི་དམངས་དམག་དཔུང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིར་འགྱུར་བ་གཏོང་མྱོང་མེད་ལ།  མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཁོང་ཚོའི་ནམ་ཡང་འགྱུར་བ་མེད་པའི་དམ་ཚིག་ཡིན།  

 

    རིམས་ནད་གློ་བུར་དུ་ཐོན་དུས་ཁོང་ཚོས་ཉེན་ཁའི་ཕྱོགས་སུ་བསྐྱོད་པ་དང་། ཆུ་ལོག་གི་གནོད་འཚེ་ཐོན་པ་ཐོས་མ་ཐག་ཁོང་ཚོས་འཕྲལ་དུ་བྱ་སྤྱོད་སྤེལ་ཡོད།  ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སྔ་བར་ཕྱི་གསུམ་དུ་མི་དམངས་ལ་དགོས་གལ་ཆེ་སར་ཐོན་ཞིང་།  དཔའ་བོ་རྣམ་པའི་གཏམ་རྒྱུད་སྔར་བཞིན་རྩོམ་བཞིན་ཡོད་ལ།  དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་ཀྱི་མེ་སྟག་བརྒྱུད་སྤྲོད་བྱེད་བཞིན་མཆིས།   

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱལ་པོ།

ཡིག་སྒྱུར། མིག་དམར་རྒྱ་མཚོ།

    中央广播电视总台 央广网 版权所有

    ཞི་ཅིན་ཕིང་དང་ལྷན་དུ་དམག་དཔུང་གི་ལོ་རྒྱུས་ལ་རྒྱུས་ལོན་བྱེད།

    རིམས་ནད་གློ་བུར་དུ་ཐོན་དུས་ཁོང་ཚོས་ཉེན་ཁའི་ཕྱོགས་སུ་བསྐྱོད་པ་དང་། ཆུ་ལོག་གི་གནོད་འཚེ་ཐོན་པ་ཐོས་མ་ཐག་ཁོང་ཚོས་འཕྲལ་དུ་བྱ་སྤྱོད་སྤེལ་ཡོད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་