ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་རྒྱལ་ཁབ་དྲུག་གི་གཙོ་བདག་དང་གློག་འཕྲིན་གཏོང་རེས་གནང་འདུག

2019-10-08 10:02:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་10པའི་ཚེས་4ཉིན་ནས་ཚེས་7ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁག་སོ་སོར་པུར་ཀ་རི་ཡ་་དང་། རོ་མ་ནི་ཡ། ཅེ་ཁེ། སི་ལོ་ཝ་ཁེ། ཧང་ག་རི། ཕོ་ལན་བཅས་རྒྱལ་ཁབ་དྲུག་གི་གཙོ་བདག་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས། ཀྲུང་གོ་དང་གོང་གསལ་རྒྱལ་ཁབ་དྲུག་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་རྒྱལ་ཁབ་དྲུག་གི་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་སྨོན་བཟང་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། རྒྱལ་ཁབ་དྲུག་པོ་ནི་ཀྲུང་གོ་གསར་པ་ཁས་ལེན་མཁན་སྔ་ཤོས་ཡིན་པ་མ་ཟད་ཕྱི་འབྲེལ་འབྲེལ་བ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཡིན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70སོང་རིང་། ཀྲུང་གོས་རྒྱལ་ཁབ་དྲུག་པོ་དང་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་འདྲ་མཉམ་ལྟ་སྟངས་འཛིན་པ། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་བཏང་བ་དང་། ཀྲུང་གོ་དང་རྒྱལ་ཁབ་དྲུག་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཁེ་སྐྲུན་ཡོད། མིག་སྔར། ཕྱོགས་གཉིས་པོའི་མཐོ་རིམ་འགྲོ་འོང་དམ་ཟབ་ཡོད་པ་དང་། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ། མི་ཆོས་རིག་གནས་སྤེལ་རེས་སྣེ་མང་ཕུན་སུམ་ཚོགས་པ་བཅས་བྱུང་ཡོད། དུས་རབས་གསར་པའི་ནང་། ཀྲུང་གོ་དང་རྒྱལ་ཁབ་དྲུག་པོའི་འབྲེལ་བར་དེ་བས་རྒྱ་ཆེ་བའི་མདུན་ལྗོངས་ལྡན་ཡོད། ང་རང་ནས་རྒྱལ་ཁབ་དྲུག་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། རྒྱལ་ཁབ་དྲུག་པོའི་གཙོ་བདག་དང་ཐུན་མོང་ཐོག་འབད་བརྩོན་བྱེད་པ་དང་། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩི་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་ཤར་མའི་རྒྱལ་ཁབ་མཉམ་ལས་ཀྱི་གོ་སྐབས་བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ནས། སྲོལ་རྒྱུན་མཛའ་གྲོགས་མཉམ་ལས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཛེགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

རྒྱལ་ཁབ་དྲུག་པོའི་གཙོ་བདག་གིས། ལོ་ངོ་70སོང་རིང་རང་སོ་སོའི་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་ཕྱོགས་གཉིས་འབྲེལ་བར་དུས་ཚོད་དང་རྒྱལ་སྤྱིའི་ཡོ་ལང་གི་ཉམས་སད་ཐེག་ཡོད་པ་དང་། གོང་འཕེལ་ཆེན་པོ་ཕྱིན་ཞིང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་དྲུག་པོས་ཀྲུང་གོར་དེང་རབས་ཅན་འཛུགས་སྐྲུན་དང་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་བྱེད་པའི་རྒྱུད་རིམ་ནང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པར་བསྔགས་བརྗོད་བྱས་པ་དང་། ཀྲུང་གོ་དང་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་དང་། སྲོལ་རྒྱུན་མཛའ་གྲོགས་ལ་གཅེས་འཛིན་བྱ་རྒྱུའི་རྣམ་པ་བསྟན་པ། ཀྲུང་གོ་དང་ཕྱོགས་གཉིས་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་བར་གྱི་མཉམ་ལས་ཟམ་མི་ཆད་པར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལེ་ཁེ་ཆང་གིས་ཀྱང་ཁག་སོ་སོར་གོང་གསལ་རྒྱལ་ཁབ་དྲུག་གི་ཙུང་ལི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད། ལི་ཁེ་ཆང་གིས་ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་དྲུག་པོ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བ་གོ་སྐབས་སུ་བརྩིས་ནས། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། ཀྲུང་གོ་དང་ཡོ་རོབ་ཤར་མའི་རྒྱལ་ཁབ་ཀྱི་མཉམ་ལས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མཉམ་ལས་བཅས་གོང་འཕེལ་སྔར་ལས་ལྷག་པ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གཉིས་ཕན་གཉིས་རྒྱལ་མངོན་འགྱུར་སྔར་ལས་ལྷག་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད། རྒྱལ་ཁབ་དྲུག་པོའི་ཙུང་ལིས། ཀྲུང་གོའི་ཕྱོགས་དང་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་ཟམ་མི་ཆད་མཐོ་རུ་གཏོང་བ་དང་། ཐུན་མོང་ཐོག་ཕྱོགས་གཉིས་པོའི་འབྲེལ་བ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་པའི་རྣམ་པ་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有